འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་གྲོང་གསེབ་ཀྱི་མི་འབོར་དབུལ་པོར་
    ནད་ཆེན་མཐའ་སྐྱོང་འགན་ལེན་བྱས་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་19ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་སྨན་བཅོས་མཐའ་སྐྱོང་འགན་ལེན་ལམ་སྲོལ་ཐད་ཀྱི་རང་རྒྱལ་གྱི་ཉམས་མྱོང་མཚམས་སྦྱོར་བྱས་པ་རེད།
         རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ནོར་དོན་སིའི་སི་ཀྲང་གཞོན་པ་ལིའུ་ཁུའེ་ཡིས་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་སྨན་བཅོས་མཐའ་སྐྱོང་འགན་ལེན་ལམ་སྲོལ་འཛུགས་རྒྱུ་ནི་བདེ་ཐང་དབུལ་སྐྱོར་གྱི་གཙོ་གནད་ལས་འགན་གྱི་གྲས་ཤིག་རེད། ས་གནས་ཁག་གིས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ། བདེ་ཐང་དབུལ་སྐྱོར་གྱི་ཁ་གསབ་འགན་བཅོལ་སོགས་ཀྱི་འགན་ལེན་བྱེད་ཐབས་གཅིག་འདོམས་བྱས་ཏེ་ཕྱོགས་བསྡུས་འགན་ལེན་ལ་ཤུགས་སྣོན་བརྒྱབ་པས་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཡང་དུ་ཕྱིན་ཡོད་ཅེས་བཤད་པ་རེད།
         ལིའུ་ཁུའེ་ཡིས་ནད་ཆེན་གྱི་སྨན་བཅོས་འགྲོ་གྲོན་ནི་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་ཀྱིས་རྐྱེན་པས་དབུལ་པོ་བསྐྱར་ལོག་གི་རྒྱུ་རྐྱེན་གཙོ་བོ་དེ་རེད། ནད་ཆེན་མཐའ་སྐྱོང་འགན་ལེན་ནི་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་སྨན་བཅོས་འགན་ལེན་གྱི་བྱེད་ཐབས་གཙོ་བོ་ཡིན་ཞིང་། ས་གནས་ཁག་གིས་ནད་ཆེན་མཐའ་སྐྱོང་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་གཙོ་གནད་དུ་བྱས་པས་བྱ་ཐབས་ཡག་པོ་མི་ཉུང་བ་ཞིག་བཏོད་ཡོད་ཅེས་བཤད་པ་རེད།
         གཅིག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བརྒྱུད་མཐའ་སྐྱོང་བ། དཔེར་ན། སི་ཁྲོན་ཞིང་ཆེན་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གསར་དུ་བསྣན་པའི་ཁ་གསབ་མ་དངུལ་ནས་གྲོང་གསེབ་ཀྱི་འགན་བཅོལ་ཁྲོད་ཞུགས་མཁན་མི་གྲངས་དང་མི་རེར་སྒོར་10ཡི་ཚད་གཞིར་གཞིགས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་(གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པ་)ཐེབས་རྩའི་ཁྲོད་ཆེད་མངགས་ཆེད་དོན་གྲོན་དངུལ་བཀོད་སྒྲིག་བྱས་པ་དང་། དཀར་ཆག་ནང་མེད་པའི་འགྲོ་གྲོན་ཚོད་འཛིན་ནན་པོ་བྱས་པའི་རྨང་གཞིའི་ཐོག་ནད་པ་དབུལ་པོའི་རྫོང་ཁོངས་ནང་གི་ཞག་སྡོད་སྨན་བཅོས་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་གི་སྨན་བཅོས་འགྲོ་གྲོན་ཚང་མ་རྩིས་ཞུ་བྱས་པ་དང་། 2016ལོར་སི་ཁྲོན་ཞིང་ཆེན་དུ་ནད་པ་དབུལ་པོའི་ཞག་སྡོད་སྨན་བཅོས་འགྲོ་གྲོན་དངོས་སུ་རྩིས་ཞུ་བྱས་པའི་བསྡུར་ཚད་93%ཟིན་ཡོད།
         གཉིས་ནས་སྲིད་གཞུང་གིས་ཐད་ཀར་འགན་ལེན་བྱེད་པ། དཔེར་ན། ཨན་ཧུའེ་ཞིང་ཆེན་གྱིས་གཟིགས་སྐྱོང་གི་གཞི་རྩའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་རྨང་གཞིའི་ཐོག“351”མཐའ་སྐྱོང་འགན་ལེན་ཚད་གཞི་བཟོས་ཏེ། གྲོང་གསེབ་ཀྱི་མི་འབོར་དབུལ་པོས་རྫོང་དང་། གྲོང་ཁྱེར། ཞིང་ཆེན་བཅས་ཁོངས་གཏོགས་ཀྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་སྐབས་མི་སྒེར་གྱི་ལོ་འཁོར་མོར་རང་ཉིད་ཀྱིས་སྤྲོད་དགོས་པའི་འགྲོ་གྲོན་སྒོར་ཁྲི་0.3དང་། ཁྲི་0.5 ཁྲི་1བཅས་སོ་སོ་ལས་མ་བརྒལ་ཚེ་ཚད་གཞི་དང་མཐུན་པའི་སྨན་དང་སྨན་བཅོས་འགྲོ་གྲོན་ལྷག་མ་རྣམས་སྲིད་གཞུང་གིས་མཐའ་སྐྱོང་བ་དང་། ཨན་ཧུའེ་ཞིང་ཆེན་གྱི་2016ལོའི་ནད་པ་དབུལ་པོའི་ཞག་སྡོད་སྨན་བཅོས་ཀྱི་འགྲོ་གྲོན་དངོས་སུ་རྩིས་ཞུ་བྱས་པའི་བསྡུར་ཚད་85%ཟིན་ཡོད།
         གསུམ་ནས་ཁ་གསབ་འགན་བཅོལ་བཟོས་ནས་མཐའ་སྐྱོང་བ། དཔེར་ན། ཅང་ཤིས་ཞིང་ཆེན་གྱིས་གཟིགས་སྐྱོང་གི་གཞི་རྩའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་རྨང་གཞིའི་ཐོག་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་བྱ་ཐབས་ལ་བརྟེན་ནས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་མི་རེར་ལོ་རེར་སྒོར་90ཡི་བདེ་ཐང་དབུལ་སྐྱོར་གྱི་ཁ་གསབ་འགན་བཅོལ་ཉོ་སྒྲུབ་བྱས་པ་དང་། དཀར་ཆག་ནང་གི་ཞག་སྡོད་སྨན་བཅོས་འགྲོ་གྲོན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་(གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པ་)དང་ནད་ཆེན་འགན་བཅོལ་ཁ་གསབ་བྱས་རྗེས་འགྲོ་གྲོན་ལྷག་མ་རྣམས་བདེ་ཐང་དབུལ་སྐྱོར་གྱི་ཁ་གསབ་འགན་བཅོལ་ནས་བསྐྱར་དུ་90%ཁ་གསབ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།