འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་ལྔ་པའི་གོ་ལ་ཧྲིལ་པོའི་ཇུས་འདོན་ཚོགས་པའི་དབུ་ཚོགས་པེ་ཅིང་དུ་འཚོགས་པ།

    རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཚ་ཚ་འུར་འུར་ངང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་གླེང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་17ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་15ཉིན་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་100ལྷག་ཙམ་གྱིས་སྐབས་ལྔ་པའི་གོ་ལ་ཧྲིལ་པོའི་ཇུས་འདོན་ཚོགས་པའི་དབུ་ཚོགས་ཐོག་གོ་ལ་ཧྲིལ་པོ་རྒྱུན་སྲིང་འཕེལ་རྒྱས་ཡོང་རྒྱུ་སོགས་ཀྱི་བརྗོད་གཞིར་དམ་པོར་དམིགས་ནས་བགྲོ་གླེང་གཏིང་ཟབ་བྱས་པ་རེད། ཚོགས་ཞུགས་མཁན་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་དེ་སྐྲུན་པའི་ཕན་འབྲས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་བཅོས་སྒྲིག་ལ་གསོན་ཤུགས་གསར་པ་དང་དྲང་ནུས་བསྣན་ཡོད་ཅེས་བརྗོད་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་ཡོན་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
          སྐབས་འདིའི་དབུ་ཚོགས་པེ་ཅིང་དུ་འཚོགས་ཤིང་། ཚོགས་ཞུགས་མཁན་གྱིས“བློ་རིག་གཅིག་བསྡུས་ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་འཆར་གཞི་མཉམ་དུ་འགོད”ཅེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་བགྲོ་གླེང་བྱས་པ་རེད།
          ཁྲེན་ཡོན་གྱིས་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག་གོ་ལ་ཧྲིལ་པོའི་ཇུས་འདོན་ཚོགས་པའི་དབུ་ཚོགས་ཀྱིས་ཕྱོགས་ཁག་གི་ཇུས་འདོན་ཚོགས་པ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་རྒྱ་ཁྱབ་ཏུ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་སྟངས་འཛིན་ཡག་པོ་བྱེད་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྒྲིག་དང་རྒྱལ་སྤྱིའི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་མ་གཏོང་བ། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་ཧུར་ཐག་ཞུགས་པ། གོ་ལ་ཧྲིལ་པོའི་འགྲན་སློང་ལ་རང་འགུལ་ངང་ཞིབ་འཇུག་བྱེད་པ་དང་ཁ་གཏད་གཅོག་པ། ཁ་ཕྱོགས་གསལ་པོ་དང་གོ་ཆོད་ལ་ནུས་ལྡན་གྱི་ཐག་གཅོད་བསམ་ཕྱོགས་དང་ཇུས་གཞི་བཏོན་པ་བཅས་ཀྱི་ཐོག་ནས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གཞུང་དྲང་དང་། བསྟུན་མཁས། ཀུན་ཕན། རྒྱུན་མཐུད་བཅས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཐབས་ཇུས་གསར་པ་གྲུབ་པར་སྐུལ་འདེད་གཏོང་ཆེད་ཇུས་འདོན་ཤུགས་འདོན་བྱེད་དགོས་ཞེས་གསུངས་པ་རེད།
         སྐབས་ལྔ་པའི་གོ་ལ་ཧྲིལ་པོའི་ཇུས་འདོན་ཚོགས་པའི་དབུ་ཚོགས་དེ་ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་རྒྱལ་སྤྱི་དཔལ་འབྱོར་སྤེལ་རེས་ལྟེ་གནས་ཀྱི་ལས་འཛིན་འགོ་གཙོ་ཙེང་ཕེ་ཡན་ཚོགས་འདུར་ཕེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།