འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།དངུལ་ཁང་ལྟ་སྐུལ་ཨུ་ལྷན་གྱིས་གཏའ་འཇོག་དངོས་རྫས་ཀྱི་ཉེན་ཁའི་དོ་དམ་ལ་ཤུགས་
    སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་12ཉིན། 17:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་8ཉིན། ཚོང་ལས་དངུལ་ཁང་གི་གཏའ་འཇོག་དངོས་རྫས་ཀྱི་དོ་དམ་ཚད་ལྡན་བཟོ་བར་མཛུབ་ཁྲིད་དང་ཡིད་རྟོན་གྱི་ཉེན་ཁ་ནུས་ལྡན་འགོག་པ་དང་སེལ་ཆེད། ཉེ་ཆར་དངུལ་ཁང་ལྟ་སྐུལ་ཨུ་ལྷན་གྱིས་《ཚོང་ལས་དངུལ་ཁང་གི་གཏའ་འཇོག་དངོས་རྫས་ཀྱི་དོ་དམ་ཕྱོགས་སྟོན་》ཞེས་པ་ཁྱབ་བསྒྲགས་བྱས་ནས་གཏའ་འཇོག་དངོས་རྫས་ཀྱི་དོ་དམ་ཁྱོན་ཡོངས་ཀྱི་ཉེན་ཁའི་དོ་དམ་མ་ལག་ནང་འཇུག་རྒྱུ་ཡིན་པ་ཁ་གསལ་བཏོན་པ་དང་ཚོང་ལས་དངུལ་ཁང་གིས་གཏའ་འཇོག་དངུལ་བུན་གཏོང་སྐབས་དངུལ་གཡར་མཁན་གྱི་བུན་ལོན་སྤྲོད་ནུས་ཁྱོན་ཡོངས་ནས་ཚོད་སྐོར་བྱེད་དགོས་པ་ལས་གཏའ་འཇོག་དངོས་རྫས་ལ་བརྟེན་དྲགས་ཏེ་འཇལ་དངུལ་གྱི་ཡོང་ཁུངས་ལ་སྣང་ཆུང་བྱ་མི་རུང་བའི་བླང་བྱ་བཏོན་ཡོད།
         དངུལ་ཁང་ལྟ་སྐུལ་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བས་དེང་སྐབས་ཚོང་ལས་དངུལ་ཁང་ཁག་གཅིག་གི་གཏའ་འཇོག་དངོས་རྫས་ཀྱི་དོ་དམ་མ་ལག་འཐུས་ཚང་མིན་པ་དང་། དོ་དམ་གོ་རིམ་ཚད་ལྡན་མིན་པ། ཉེན་ཁའི་དོ་དམ་ཚགས་ཚུད་པོ་མེད་པ་སོགས་ཀྱི་སྣང་ཚུལ་ཡོད་པས་ཉེན་ཁ་ཆུང་དུ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་མེད་ཅེས་བཤད། 《ཕྱོགས་སྟོན་》ནང་ཚོང་ལས་དངུལ་ཁང་གིས་གཏའ་འཇོག་དངོས་རྫས་ཀྱི་གཅིག་སྡུད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་བྱ་ཐབས་དགོས་ངེས་སྤྱད་དེ་གཏའ་འཇོག་དངོས་པོ་རྐྱང་པའམ་ཡང་ན་གཏའ་འཇོག་དངོས་པོ་རིགས་རྐྱང་པས་བཟུང་བའི་བསྡུར་ཚད་མང་བའི་རྐྱེན་གྱིས་ཐོན་པའི་ཉེན་ཁ་གཏན་འགོག་བྱེད་དགོས། གཏའ་འགོག་དངོས་རྫས་ཀྱི་གལ་ཆེའི་རང་བཞིན་དང་ཉེན་ཁའི་གནས་ཚུལ་ལ་གཞིགས་ནས་དུས་བཀག་ལྟར་གཏའ་འཇོག་དངོས་རྫས་ལ་གནོན་ཤུགས་ཚད་ལེན་བྱེད་པ་དང་རྩ་བའི་ཆ་ནས་ལོ་རེར་ཉུང་མཐར་ཡང་ཚད་ལེན་ཐེངས་རེ་བྱེད་པ་དང་འབྲེལ་ཚད་ལེན་གྱི་འབྲས་བུ་གཞིར་བཟུང་འབྲེལ་ཡོད་ཀྱི་ཁ་གཏད་གཅོག་ཐབས་སྤྱོད་དགོས་ཞེས་བླང་བྱ་བཏོན་ཡོད།
         《ཕྱོགས་སྟོན་》ནང་གཏའ་འཇོག་དངོས་རྫས་ཁྲོམ་རའི་རིན་གོང་འཕར་ཆག་ཅུང་ཆེ་བ་དང་། གན་རྒྱ་བཞག་རྗེས་ཁ་ཆད་ལས་འགལ་བའི་དོན་རྐྱེན་ཐོན་པ། གཏའ་འཇོག་དངོས་རྫས་ཁག་ཐེག་གི་བུན་དབང་ལེགས་པོ་མེད་པ་བཅས་ཀྱི་གནས་ཚུལ་ཐོན་སྐབས་ཚོང་ལས་དངུལ་ཁང་གིས་གཏན་འབེབས་ལྟར་གཏའ་འཇོག་དངོས་རྫས་ཀྱི་རིན་ཐང་ལ་བསྐྱར་ནས་ཚོད་སྐོར་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།