འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་སྒྲིག་འགལ་ངང་སྤྱད་པར་ཞིབ་བཤེར་ནན་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་12ཉིན། 15:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་སྒྲིག་འགལ་ངང་ཅ་དངོས་ཉོ་བ་དང་། དངུལ་སྨར་བརྗེ་བ། ཁ་གསབ་གཡོ་ལེན་སོགས་ཀྱི་བྱེད་སྤྱོད་ལ་དམིགས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་ཉེ་ལམ་ལོ་ཕྱེད་རིང་། གཞུང་བཙུགས་མ་ཡིན་པའི་སྨན་བཅོས་འགན་བཅོལ་སྒྲིག་གཞི་148ལ་ཞིབ་བཤེར་བྱས་པའི་ནང་སྒྲིག་གཞི་8ལ་ཆད་པ་བཅད་པ་དང་སྒྲིག་གཞི་1གི་ཞབས་ཞུའི་གྲོས་མཐུན་མེད་པ་བཟོས་པ་རེད།
          ད་ཐེངས་ཀྱི་ཞིབ་བཤེར་དེ་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ཀྱི་ཐོབ་ཆ་སྤྲོད་པ་དང་། སྨན་བཅོས་འགན་བཅོལ་སྲིད་ཇུས་ལག་བསྟར་ཡང་དག་བྱེད་པ། སྨན་བཅོས་འགན་བཅོལ་ཐེབས་རྩ་ལུགས་མཐུན་ངང་གཏོང་སྤྲོད། སྨན་བཅོས་བྱ་སྤྱོད་ལུགས་མཐུན་དང་ཚད་ལྡན་སོགས་དང་འབྲེལ་བ་ཡོད་པ་དང་། གཙོ་གནད་ཐོག་ཐེབས་རྩའི་བདེ་འཇགས་དང་། སྤྱི་ཚོགས་འགན་བཅོལ་འཁོར་སྐྱོད། སྨན་བཅོས་ཞབས་ཞུ་བཅས་གསུམ་གྱི་ནང་དོན་གཙོ་བོ་14ལ་ཞིབ་བཤེར་བྱས་པ་རེད། ཕྱོགས་ཡོངས་ནས་ཞིབ་བཤེར་དང་གཙོ་གནད་འཐེན་བཤེར་ཕན་ཚུན་ཟུང་འབྲེལ་དང་། སྔོན་ཚུད་བརྡ་གཏོང་དང་འཕྲལ་སྒྲུབ་ཞིབ་བཤེར་ཕན་ཚུན་ཟུང་འབྲེལ། སྙན་ཞུ་ཉན་པ་དང་ས་ཆ་དངོས་སུ་ལྟ་ཞིབ་ཕན་ཚུན་ཟུང་འབྲེལ། ནད་དཔེ་ལྟ་བ་དང་ནད་པར་བཅར་འདྲི་ཕན་ཚུན་ཟུང་འབྲེལ་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད། རིམ་ཁག་མི་སྤྱི་སྡེ་ཚན་གྱིས་སྒྲིལ་འགལ་ངང་སྨན་རིན་བསྡུ་བ་དང་སྨན་བཅོས་ཞབས་ཞུ་ཚད་དང་མི་མཐུན་པ་སོགས་ཀྱི་གཙོ་གནད་གནད་དོན་ཤེས་རྟོགས་ཐུབ་ཡོད།
          མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ལོ་ཕྱེད་རིང་གྲོང་ཁྱེར་དང་ཀྲོའུ་རིམ་པའི་མི་སྤྱི་སྡེ་ཚན་གྱིས་ཞིབ་བཤེར་བྱེད་སྐབས་གནད་དོན་37ཤེས་རྟོགས་བྱུང་བ་དང་ཞིང་ཆེན་མི་སྤྱི་ཐིང་གིས་འཐེན་བཤེར་བྱས་པ་བརྒྱུད་གནད་དོན་13ཤེས་རྟོགས་བྱུང་ཡོད། ད་ཐེངས་ཞིབ་བཤེར་གྱི་ཆད་གཅོད་བྱ་ཐབས་ནན་ཞིང་ལྕི་བ་སྟེ། ཚད་ལས་བརྒལ་ནས་བརྟག་དཔྱད་དང་། སྨན་བཅོས། སྨན་སྤྲོད་པ་སོགས་ཀྱི་བྱེད་སྤྱོད་ལ་དྲ་སྦྲེལ་ནས་གཱ་སྤྱད་དེ་དངུལ་རྩིས་ཟླ་བ་གཅིག་རྒྱག་མི་ཆོག་པའི་ཆད་པ་བཅད་པ་དང་། སྨན་ཁང་དུ་སྡོད་པའི་ཚད་གཞི་དམའ་རུ་གཏོང་བ་དང་། ཐོ་བཀོད་ཆ་འཕྲིན་སྨན་པའི་མངགས་བྱ་དང་མི་མཐུན་པ། སྨན་རིན་ཐོལ་པ་བསྡུ་བ་སོགས་ཀྱི་བྱེད་སྤྱོད་ལ་གཱ་སྤྱད་དེ་དངུལ་རྩིས་ཟླ་བ་6རྒྱག་མི་ཆོག་པའི་ཆད་པ་བཅད་པ། སྨན་ཁང་ནས་ཐེངས་མང་དོན་པ་དང་སྡོད་དུ་འཇུག་པ་དང་། ནད་པ་མེད་ཀྱང་ཉལ་ཁྲི་བཟུང་བ། ནད་ཐོ་རྫུན་མ་བཟོ་བ། རང་འགུལ་གྱིས“ནད་པ”སྨན་ཁང་དུ་སྡོད་དུ་འཇུག་པ་སོགས་ལ་བརྟེན་ནས་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་གཡོ་ལེན་བྱེད་པའི་བྱེད་སྤྱོད་ལ“ཞབས་ཞུའི་གྲོས་མཐུན”མེད་པ་བཟོས་པ་མ་ཟད། གཡོ་ལེན་བྱས་པའི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་ཚུར་ལེན་པ་སོགས་ཀྱི་ཆད་པའང་བཅད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།