འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཕྱོགས་གང་ཞིག་གིས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་
    ཛ་དྲག་ཏུ་གཏོང་བར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་04ཉིན། 15:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་3ཉིན། ཨ་རིའི་འཐབ་ཇུས་མདེལ་དབྱུག་གནམ་གྲུས་ཁོ་རེ་ཡ་ལྷོ་མ་ནས་ཉིང་རྡུལ་འབར་མདེལ་དབྱུག་པའི་དངོས་སྦྱོང་བྱས་པ་རེད་ཅེས་གནས་འཕྲིན་སྤེལ་བར་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་གང་ཞིག་གིས་ཁྲའོ་ཞན་གླིང་ཕྲན་ཕྱེད་ཙམ་གྱི་གནས་བབ་ཛ་དྲག་ཏུ་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་གནོད་འཚེ་གཏོང་བའི་གཏམ་སྤྱོད་ལ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།
         ཉིན་དེའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་1ཉིན་ཨ་རིའི་B—1Bརྟགས་ཅན་གྱི་འཐབ་ཇུས་མདེའུ་དབྱུག་གནམ་གྲུ་གཉིས་ཀོན་གླིང་ཕྲན་ཨ་རིའི་དམག་དོན་རྟེན་གཞི་ནས་འཕུར་ཞིང་། ཉིན་དེའི་ཉིན་གུང་ཁོ་རེ་ཡ་ལྷོ་མའི་ཤར་རྒྱུད་ཀྱི་མཚོ་ཁོངས་ཀྱི་མཁའ་དབྱིངས་སུ་འཕུར་སྐྱོད་བྱས་ཏེ་ཁོ་རེ་ཡ་ལྷོ་མའི་མཁའ་དམག་དང་མཉམ་འབྲེལ་དངོས་སྦྱོང་བྱས་པ་རེད། ཁྲའོ་ཞན་ཕྱོགས་ཀྱིས་ཨ་རིའི་མདེའུ་དབྱུག་གནམ་གྲུས་ཁྲའོ་ཞན་གྱི་དམིགས་འཕེན་གཙོ་བོར་ཉིང་རྡུལ་འབར་མདེའུ་དབྱུག་པའི་དངོས་སྦྱོང་བྱས་ཡོད་ཅེས་བཤད་པ་རེད། རྗེས་འབྲས་ཇི་ཡོང་ལ་བསམ་བློ་མི་གཏོང་བའི་དབྱེན་སྦྱོར་བྱ་སྤྱོད་འདིས་ཁྲའོ་ཞན་ཕྱེད་གླིང་དེ་སྔར་ལས་དམག་འཁྲུག་སློང་བའི་ཕྱོགས་སུ་གཏོང་རྒྱུ་ཡིན་པས། ཀྲུང་གོའི་ཕྱོགས་ཀྱིས་གནས་ཚུལ་འདི་ལ་དཔྱད་གཏམ་གང་ཡོད་ཅེས་དྲིས་པ་རེད།
        ཀེང་ཧྲོང་གིས་ཀྲུང་གོའི་ཕྱོགས་ཀྱིས་དེ་དང་འབྲེལ་བའི་དམག་དོན་དངོས་སྦྱོང་སྔར་བཞིན་བྱེད་བཞིན་ཡོད་པར་དོ་སྣང་བྱེད་བཞིན་ཡོད། མིག་སྔར་ཁྲའོ་ཞན་གླིང་ཕྲན་ཕྱེད་ཙམ་གྱི་གནས་བབ་ནི་ཚོར་སྐྱེན་དང་རྙོག་འཛིང་ཆེ་བ་ཡིན་པས། ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་གང་ཞིག་གིས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཛ་དྲག་ཏུ་གཏོང་བ་དང་། ས་ཁུལ་འདིའི་ཞི་བདེ་བརྟན་ལྷིང་ལ་གནོད་འཚེ་གཏོང་བའི་གཏམ་སྤྱོད་སྤེལ་བར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།