འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་སྟེ"ཨེ་ཤེ་ཡའི་
    ཆུ་གསོག་མཐོ་ལྕོག"སྲུང་སྐྱོང་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་02ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་29ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་མངའ་ཁོངས་ཀྱི་གཙང་པོ་6418དང་མཚེའུ་816ལ“ཆུ་དཔོན”བཀོད་སྒྲིག་བྱས་ཏེ། ཕྱོགས་ཡོངས་ནས“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཀྱི་གཙང་པོ་དང་མཚེའུ་དོ་དམ་བྱེད་ཤུགས་ཆེ་རུ་དང་སྲུང་སྐྱོང་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།
         འཛམ་གླིང་ཡར་རྩེའི་བོད་ཀྱི་མངའ་ཁོངས་སུ་གཙང་པོ་དང་མཚེའུ་ནམ་མཁའི་སྐར་ཚོགས་ལྟར་མང་པོ་ཡོད་པ་དེ“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཡིན་ལ། རང་རྒྱལ་དང་དེ་བཞིན་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་གྱི“ཆུ་འགོ”དང“སྣོད་བཅུད་འབྱུང་ཁུངས”དེ་བས་ཀྱང་ཡིན།
         ཆུ་དཔོན་ལམ་ལུགས་བོད་དུ་ལག་ལེན་བསྟར་ཆེད་བོད་ཀྱིས་རིམ་མཐོའི་ཁྱབ་སྤེལ་གཏོང་བའི་བྱ་ཐབས་སྤྱད་དེ་བོད་རང་སྐྱོང་ལྗོངས་སུ“ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང”བཙུགས་པ་དང་། སྤྱི་ཁྱབ་ཆུ་དཔོན་གཞུང་དོན་ཁང་བཙུགས་པ་དང་འབྲེལ། 《བོད་རང་སྐྱོང་ལྗོངས་ཀྱི་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་བའི་ལས་ཀའི་ཇུས་གཞི་》བཟོས་པ་དང་པར་འགྲེམས་ཀྱང་བྱས་པ་རེད།
         ཇུས་གཞིའི་ནང་གཙང་པོའི་ཆུ་འགོ་གནས་ཁུལ་དང་། ཆུ་རྩ་གསོ་ཁུལ། སྣོད་བཅུད་ཚོར་སྐྱེན་ཁུལ་བཅས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། གཙང་གསུམ་ཆུ་འགོ་གནས་ཁུལ་(འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་སྟེ་མའེ་ཀུང་གཙང་པོ་)སོགས་སྣོད་བཅུད་སྲུང་སྐྱོང་ཁུལ་གཙོ་བོར་དེ་བས་སྲུང་སྐྱོང་ནན་པོ་བྱ་རྒྱུ་དང་། “གཙང་པོ་གཅིག་དང་ཆུ་བོ་བཞི”རྒྱུག་ཁུལ་(ཡར་ཀླུང་གཙང་པོ་དང་། མྱང་ཆུ། ལྷ་ས་སྐྱིད་ཆུ། ཡར་ཀླུང་ཆུ་བོ། ཉང་ཆུ་)དང་། བོད་ཤར་རྒྱུད་ཀྱི“གཙང་གསུམ་རྒྱུག་ཁུལ”(འབྲི་ཆུ་དང་། རྫ་ཆུ། རྒྱ་མོ་རྔུལ་ཆུ་)དང་ཡིད་འོང་མཚེའུ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གཙང་པོ་དང་། མཚེའུ། ཆུ་མཛོད་སོགས་ཆུ་རྒྱུད་ཆ་ཚང་པོ་རྒྱུན་འཁྱོངས་དང་སྣོད་བཅུད་ནུས་པ་སླར་གསོ་ཐུབ་རྒྱུ་སོགས་ཀྱི་ཞིབ་ཕྲའི་ནང་དོན་འཁོད་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཟླ་བ་བཀྲ་ཤིས་ཀྱིས་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་རྒྱུ་ནི“མིང་འདོགས་པའི་ལམ་ལུགས”ཙམ་མིན་པར་དེ་དངོས་དངོས་རྗེན་རྗེན་གྱི“འགན་འཁྲིའི་ས་ཞིང”ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་དགོས། ཆུ་དཔོན་ཞིག་གི་ངོས་ནས་བརྗོད་ན། འགན་འཁྲི་དེ་ཕྲག་ཐོག་ཏུ་འཁུར་བ་དང་སྤྱི་ཚོགས་བརྟན་ལྷིང་ལྟར་དམ་འཛིན་དང་དཔལ་འབྱོར་འཛུགས་སྐྲུན་བཞིན་གཙང་པོ་དང་མཚེའུ་བདག་སྲུང་བྱས་ནས་ཆུ་སྲུང་འགན་འཁྲི་ཡོད་པ་དང་ཆུ་སྲུང་འགན་འཁྲི་གཙང་སྒྲུབ་བྱེད་དགོས་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།