འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཚན་རིག་ཁང་རྒྱལ་དམངས་དཔལ་འབྱོར་གྱི་འཐབ་ས་གཙོ་བོར་འགྱུར་བཞིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་02ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྡོ་སོལ་སྣུམ་འཚག་ལག་རྩལ་དེ་ཧྲེང་ཧྭ་ཉིང་གི་ལོའི་རྡོ་སོལ་ཏུན་ཁྲི་400ཐོན་སྐྱེད་ཐུབ་པའི་བཟོ་ལས་ཐོན་སྐྱེད་སྒྲིག་བཀོད་ཐོག་གྲུབ་འབྲས་ཐོབ་པའི་སྒོ་ནས་བརྗེ་སྒྱུར་ཐུབ་པ་དང་། ཉི་འོད་ནུས་པའི་གློག་རྫས་ལག་རྩལ་དེ་སྒོར་དུང་ཕྱུར་གཅིག་གི་རིན་གོང་ཐོག་ནས་ཁྱོན་ཡོངས་ལ་བརྗེ་སྒྱུར་ཐུབ་པ། ཝུའུ་ཤིས་སུ་བཙུགས་པའི་དངོས་ཟོག་དྲ་སྦྲེལ་ཞིབ་འཇུག་འཕེལ་རྒྱས་ལྟེ་གནས་སུ་ཡོད་པའི་ཁེ་ལས་36གི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་40ལྷག་ཙམ་ཟིན་པ་བཅས་ཕྱོགས་གང་སར་ཀྲུང་གོ་ཚན་རིག་ཁང་གིས་ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་བྱ་རྒྱུ་མགྱོགས་སུ་བཏང་བ་དང་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད། བསྡོམས་རྩིས་བརྒྱབ་པ་ལས་མངོན་པར། ན་ནིང་ཀྲུང་གོ་ཚན་རིག་ཁང་གིས་ཐད་ཀར་དཔལ་འབྱོར་ཕན་འབྲས་སྒོར་དུང་ཕྱུར་7647བཏོད་ཅིང་། སྤྱི་ཚོགས་ཁེ་ལས་ལ་རོགས་རམ་བྱས་ཏེ་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་3797དང་ཁྲལ་འབབ་སྒོར་དུང་ཕྱུར་472བཏོད་པ་དང་། ཁང་དང་སུའོ་ཡིས་ཁེ་ལས་ལ་མ་དངུལ་བཏང་ནས་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་3850དང་ཁེ་བཟང་སྒོར་དུང་ཕྱུར་134བཏོད་ཡོད།
         “‘རྒྱལ་དམངས་དཔལ་འབྱོར་གྱི་འཐབ་ས་གཙོ་བོར་ཕྱོགས་དགོས’ཞེས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ཚན་རིག་ཁང་ལ་བཏོན་གནང་བའི་ལས་འགན་ཆེ་གྲས་གསུམ་གྱི་གྲས་ཡིན་པས། ང་ཚོས་བློ་ལ་བརྟན་པོ་ངེས་པ་དང་དོན་འཁྱོལ་ནན་ཏན་བྱེད་དགོས”ཀྲུང་གོ་ཚན་རིག་ཁང་གིས་ད་ཕན་ལོ་ཤས་རིང་རྒྱལ་ཁབ་དང་ས་གནས་དཔལ་འབྱོར་གྱི་འཐབ་ས་གཙོ་བོར་དམིགས་ནས་ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་ལ་སྐུལ་འདེད་བཏང་བ་དང་། ཚན་ཞིབ་ཀྱི་གཙོ་ཤུགས་དམག་མང་པོ་ཞིག་རྒྱལ་དམངས་དཔལ་འབྱོར་གྱི་འཐབ་ས་གཙོ་བོར་གྱུར་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ཅེས་བཤད།
         རྩེ་རིམ་ཇུས་འགོད་ལས་དོན་ཡག་པོ་བསྒྲུབས་ནས་ཁང་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་བརྗེ་སྒྱུར་བྱས་ཤིང་། ན་ནིང་ཟླ་གསུམ་པར་ཀྲུང་གོ་ཚན་རིག་ཁང་གིས“ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད”དངོས་སུ་ལག་བསྟར་བྱས་པ་དང་གསར་དུ་བཙུགས་པའི་ཚན་རྩལ་སྐུལ་སྤེལ་ཅུས་ཀྱིས་ཁང་དེ་ཡོངས་ཀྱི་ཞིབ་འཇུག་སུའོ་100ལྷག་ཙམ་གྱི་གྲུབ་འབྲས་བརྗེ་སྒྱུར་ལས་དོན་ལ་སྤྱི་འདོམས་བྱས་ཡོད། དེ་དང་ཆབས་ཅིག་ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་གྱི་ཐེབས་རྩ་བཙུགས་པ་དང་སྤྱི་ཚོགས་ཀྱི་མ་དངུལ་གྲུབ་འབྲས་བརྗེ་སྒྱུར་ནང་བསྡུ་ལེན་བྱས་པ་དང་འབྲེལ། ཤེས་བྱའི་བདག་དབང་དོ་དམ་ལྟེ་གནས་བཙུགས་ཏེ་ཁང་དེ་ཡོངས་ཀྱི་གྲུབ་འབྲས་བརྗེ་སྒྱུར་དང་སྤྱོད་རྒྱུར་ཞབས་འདེགས་ཞུས་ཡོད།
         འབྲེལ་ཡོད་སྲིད་ཇུས་བཏོན་ནས་ལྕག་འདེབས་ལམ་སྲོལ་དོན་ཐོག་ཏུ་འཁྱོལ་བ་བྱས་ཤིང་། ན་ནིང་ཀྲུང་གོ་ཚན་རིག་ཁང་དང་ཚན་རྩལ་པུས་མཉམ་དུ་《དུས་སྐབས་གསར་པར་ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》པར་འགྲེམས་བྱས་ཏེ་ལས་ཀའི་བརྒྱུད་རིམ་སྔར་བས་སྟབས་བདེ་རུ་བཏང་བའི་ཐོག་ཞིབ་འཇུག་སུའོ་ལ་རང་རྟེན་དབང་ཆ་ཆེན་པོ་སྤྲད་ཡོད། ཚན་ཞིབ་མི་སྣའི་གསར་གཏོད་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱ་ཆེད། ཀྲུང་གོ་ཚན་རིག་ཁང་གིས་ད་དུང་《ཚན་རྩལ་མི་སྣའི་ལས་བྲལ་ལས་གཏོད་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས་》དང་《འགོ་ཁྲིད་མི་སྣའི་འགན་གཅིག་ལྕོགས་དང་ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་ལྕག་འདེབས་དོ་དམ་བྱེད་ཐབས་》སོགས་སྲིད་ཇུས་ཡིག་ཆ་བསྟུད་མར་བཏོན་ཏེ་ཞིབ་འཇུག་སུའོ་ཡི་ལས་བྲལ་ལས་གཏོད་སྲིད་ཇུས་དང་ལས་བྲལ་ལས་གཏོད་མི་སྣའི་དབང་ཆ་འགན་ལེན་ཚད་གཞི་ཞིབ་ཚགས་སུ་དང་ཚད་ལྡན་དུ་བཏང་སྟེ་ཁོང་ཚོའི་ལས་གཏོད་ཀྱི་སེམས་ཁྲལ་སེལ་བ་དང་ལུགས་མཐུན་གྱི་ཐོབ་ཆ་རག་པ་བྱས་ཡོད།
         ཆེ་འཛིན་ཆུང་གློད་བྱས་ནས་གྲུབ་འབྲས་ཆེན་པོ་དཔེ་སྟོན་བཀོལ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ན་ནིང་ཚན་རྩལ་གྲུབ་འབྲས་གལ་ཆེན་མང་དག་གཅིག་དཔེ་སྟོན་བཀོལ་སྤྱོད་བྱས་པའི་ནང་གྲུབ་འབྲས་ཐོབ་ཡོད། སྣོད་བཅུད་རྩྭ་ཐང་དང་འབྲོག་ལས་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱས་པར་བརྟེན་རྩྭ་འདེབས་ཐོན་སྐྱེད་ནུས་པ་ཆེ་རུ་ཕྱིན་པའི་ཐོག་རང་བྱུང་རྩྭ་ཐང་ཉམས་ཞན་དུ་འགྲོ་བའི་གནས་ཚུལ་སྔོན་འགོག་ཐུབ་པ་དང་འབྲོག་ལས་ཐོན་ཟོག་དང་གཟན་ཆག་བརྗེ་སྒྱུར་བྱེད་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། རང་རྟེན་ཞིབ་བཟོ་བྱས་པའི་ཐད་སྐུད་གློག་འཕྲུལ་མ་ལག་གྲུབ་འབྲས་ཐོབ་པའི་སྒོ་ནས་རྒྱལ་སའི་གནམ་ཐང་འཁོར་ལམ་རླངས་འཁོར་ཐོག་སྤྱོད་ཐུབ་པ་བྱུང་བ་དང་འབྲེལ་དངོས་སུ་སྤྱོད་འགོ་ཚུགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།