འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་གྱིས་བོད་ཀྱི་ཚན་རིག་ཁྱབ་གདལ་དང་
    འཕེལ་རྒྱས་ལ་སྒུལ་ཤུགས་བསྣན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་24ཉིན་གྱི་མཚན་མོ་ཀྲུང་གོ་ཚན་རིག་ཁང་ས་གཤིས་དང་སའི་གོ་ལའི་དངོས་ཁམས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་པའེ་ཝུའུ་མིང་གིས་བོད་ལྗོངས་སློབ་ཆེན་གྱི་འཆད་སྟེགས་སྟེང་ནས་སློབ་མ་400ཙམ་ལ་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པས་འཆད་སྟེགས་གཤམ་ནས་དྲི་བ་འདོན་མཁན་མང་པོ་ཡོད། འོན་ཀྱང་པའེ་ཝུའུ་མིང་གིས་ངང་རྒྱུད་རིང་པོས་མུ་མཐུད་ལན་བརྒྱབ།
          འདི་ནི་བོད་ཀྱི“ཚན་རིག་འཆད་སྟེགས་ཆེ་མོའི”སྟེང་གི་སློབ་ཚན་དང་པོ་དེ་ཡིན།
         བོད་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཅུན་ཅེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འཆད་སྟེགས་ནང་ཀྲུང་གོ་ཚན་རིག་ཁང་གི་ཚན་རིག་མཁས་ཅན་རྒན་གྲས་ཚན་རིག་ཁྱབ་གདལ་གཏམ་བཤད་ཚོགས་པའི་རིགས་གཅིག་མཁས་ཅན་5གདན་དྲངས་ཡོད། ཁོང་ཚོས་ཚེས་24ནས་29ཉིན་བར་བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་དང་སྤྱིར་བཏང་གི་གྲོང་མིར་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་ཐེངས་30ཙམ་བྱ་རྒྱུ་རེད།
         བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་ཏང་ཝེ་ཏུང་གིས། ན་ནིང་ཟླ་10པ་ནས་བཟུང་རྟེན་རྫས་བཤམས་མཛོད་ཁང་སྒོ་མོ་ཕྱེ་ཚུན་རིམ་རྩིས་བྱས་ན་ལྟ་སྐོར་བ་མི་ཐེངས་ཁྲི་6ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། རྟེན་རྫས་བཤམས་མཛོད་ཁང་གིས་རྒྱུན་གཏན་གྱི་འགྲེམས་སྟོན་ཕུད་སློབ་ཕྲུག་ཚོར་ཚན་རིག་ཁྱབ་གདལ་དང་ཚོད་ལྟའི་སློབ་ཚན་འཚོགས་ཡོད། ལས་རིགས་ཚང་མའི་རིགས་གཅིག་མཁས་ཅན་འགྲེམས་ཁང་དུ་ཡོང་སྟེ་ཕྲུ་གུ་ཚོར་ལས་རིགས་ཤེས་བྱ་སློབ་ཁྲིད་བྱས་ཁར། བཤམས་མཛོད་ཁང་གི་སྒྲིག་ཆས་སྤྱད་དེ་ཁོང་ཚོར་ཚོད་ལྟའི་ཁྲིད་སྟོན་ཡང་བྱས་ཡོད་ཅེས་བཤད།
         རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་ཕུད་མིག་སྔར་བོད་དུ་སྐོར་སྐྱོད་ཚན་རྩལ་ཁང་8དང་སློབ་འབྲིང་ཚན་རྩལ་ཁང་79བཙུགས་པ་དང་། ཚན་རིག་ཁྱབ་གདལ་གྱི་ཁེབས་ཡོད་རླངས་འཁོར་74བཀོད་སྒྲིག་བྱས་ཡོད། ཚན་རིག་ཁྱབ་གདལ་བྱེད་སྒོའི་ས་ཚིགས་ཞིང་ནང་དང་མུ་ཁར་ཁྱབ་ནས་ཤང་གྲོང་ཚན་རིག་ཁྱབ་གདལ་བྱེད་སྒོའི་ས་ཚིགས་651བཙུགས་ཡོད།
         གསར་འགོད་པར་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་གསལ། བོད་དུ“ཚན་རྩལ་གཤམ་སྤེལ”དང“ཚན་རྩལ་བྱེད་སྒོའི་གཟའ་འཁོར”སོགས་ཚུད་པའི་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། སློབ་གྲྭ་ཁག་གཅིག་དང་ཚན་ཞིབ་ཁང་དང་སུའོ་ཡི་ཚན་ཞིབ་རྟེན་གཞི་དང་ཚོད་ལྟ་ཁང་གིས་ཀྱང་དུས་བཀག་ནང་གཞོན་ནུ་ལོ་ཆུང་དང་ཞིང་འབྲོག་པར་སྒོ་མོ་ཕྱེ་ཀྱི་ཡོད། བོད་ལྗོངས་སློབ་ཆེན་གྱི“ཡངས་པ་ཅན་འཇིག་རྟེན་འཕྲོ་འོད་ལྟ་ཞིབ་ཚད་འཇལ་ས་ཚིགས”ཀྱི་ཕྱི་རོལ་ཚོད་ལྟ་ཁང་ཉིད་ལྷ་ས་ཁྲེང་ཀོན་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་གྲྭ་ཕུད་པའི་ཚན་རིག་སློབ་ཁང་དུ་གྱུར་ཡོད། ཉིང་ཁྲིའི་སློབ་འབྲིང་དང་པོར་སྐྱེ་དངོས་ཚན་རིག་གི་དངོས་དཔེ་ཁང་དང་བཤམས་སྟོན་ཁང་བཙུགས་པས་ཉེ་འགྲམ་གྱི་ཞིང་འབྲོག་པ་ནི་དེ་གའི་རྒྱུན་ཕེབས་མགྲོན་པོར་གྱུར་ཡོད།
         ཀྲུང་གོའི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་ལ་བརྟག་དཔྱད་ཐེངས་དགུ་པ་བྱས་པ་ལས་མངོན་པར། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་ཚན་རིག་ཁྱབ་གདལ་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། 2015ལོར་བོད་རང་སྐྱོང་ལྗོངས་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་ཀྱི་བསྡུར་གྲངས་ནི་2010ལོའི་ལྡབ་20ཙམ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།