འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡི་ཁྲིམས་དཔོན་61གིས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་ཁྲིམས་ར་ཚོགས་
    ཐུབ་ཀྱི་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ལོ་གསུམ་ལྷག་ཙམ་རིང་གསོ་སྦྱོང་ཤུགས་ཆེན་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱས་པ་བརྒྱུད། ཀན་སུའུ་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་དཔོན་61གིས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་ཁྲིམས་ར་ཚོགས་ཐུབ་སྟེ་བོད་རིགས་མང་ཚོགས་ཀྱི་གྱོད་གཏུག་དབང་ཆ་སྔར་བས་འགན་ལེན་ཐུབ་ཡོད་པ་རེད།
            ཀན་སུའུ་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཞིང་ཆེན་ཞིག་ཡིན་ཞིང་། དུས་ཡུན་རིང་པོའི་ནང་མི་རིགས་སོ་སོའི་སྐད་ཆ་སྤྱོད་མཁན་གྲངས་ཉུང་མི་རིགས་ངོས་ནས་བརྗོད་ན། ཞུ་གཏུག་རྒྱག་སྐབས་ཁོང་ཚོས་རྒྱ་སྐད་མ་ཤེས་པའི་རྐྱེན་གྱིས་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པར་འགོག་རྐྱེན་འཕྲད་ཀྱི་ཡོད། བོད་རིགས་མང་ཚོགས་འདུས་སྡོད་བྱེད་སའི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ལ་དཔེ་བཞག་ན། དེ་སྔོན་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་ཁྲིམས་ར་ཚོགས་པ་དང་གྱོད་གཞི་ཞིབ་གཅོད་བྱེད་ཐུབ་མཁན་ཁྲིམས་དཔོན་བཅུ་ཡང་ཟིན་གྱི་མེད།
          2013ལོའི་ཟླ་དགུ་པར་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲུག་ཆུ་རྫོང་དུ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་གྱི་གསོ་སྦྱོང་རྟེན་གཞི་བཙུགས་ནས་སྤྱོད་འགོ་ཚུགས་ཤིང་། ལོ་གསུམ་ལྷག་ཙམ་རིང་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་300ལྷག་ཙམ་གསོ་སྦྱོང་བྱས་པ་དང་། དེའི་ནང་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་100ལྷག་ཙམ་ཡོད། ཀན་སུའུ་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་དུ་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་ལས་ཀ་བྱེད་ཐུབ་མཁན་ཤེས་ལྡན་མི་སྣ་77ཡོད་པ་དེའི་ནང་ནས་ཁྲིམས་དཔོན་61གིས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་ཁྲིམས་ར་ཚོགས་ཐུབ་ཀྱི་ཡོད།
         བོད་རྒྱ་སྐད་ཡིག་གཉིས་ཀྱི་ཤེས་ལྡན་མི་སྣ“བསྡུ་མ་ཐུབ་པ”དང“ཉར་མ་ཐུབ་པའི”གནད་དོན་ཐག་གཅོད་བྱ་ཆེད། ཀན་སུའུ་ཡིས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་གནས་གཏན་འཁེལ་ངང་བསྡུ་བའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཚོད་ལྟའི་འཛིན་གྲྭ་གཉེར་ནས་2016ལོར་བོད་རྒྱ་སྐད་ཡིག་གཉིས་ཀྱི་གནས་གཏན་འཁེལ་གྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་12བསྡུས་པ་མ་ཟད། ད་དུང་ཁྲིམས་རིག་པའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་50བསྡུས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།