འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སྨན་གླིང་རྫོང་དུ་འཛམ་གླིང་ཐོག་ཤིང་པད་མ་སེར་པོའི་ཚོམ་བུ་ཆེ་ཤོས་ཤིག་རྙེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་སྨན་གླིང་རྫོང་གི་རྒྱ་ར་ནང་དུ་འཛམ་གླིང་ཐོག་རི་སྐྱེས་ཤིང་པད་མ་སེར་པོའི་ཚོམ་བུ་ཆེ་ཤོས་ཤིག་གསར་རྙེད་བྱུང་ཞིང་། ས་གནས་འདི་ནི་བོད་རང་སྐྱོང་ལྗོངས་སུ་རི་སྐྱེས་ཤིང་པད་མ་སེར་པོ་སྐྱེས་པའི་ས་ཆ་གཅིག་པུ་ཡིན་པ་རེད།
          ཤེས་རྟོགས་བྱུང་གསལ་དུ། ཤིང་པད་མ་སེར་པོ་ནི་འཛམ་གླིང་དུ་སྟོངས་ཉེན་ཡོད་པའི་སྐྱེ་དངོས་རྩ་ཆེན་གྲས་ཤིག་ཡིན་ལ། དེ་ནི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་སྐྱེ་དངོས་རིམ་པ་གཉིས་པ་ཡིན་པ་རེད། ད་ལྟ་འཛམ་གླིང་ཡོངས་སུ་རི་སྐྱེས་ཤིང་པད་མ་སེར་པོ་སྡོང་རྐང་10000ལྷག་ཙམ་ལས་མེད་པ་རེད། འོན་ཀྱང་། རྒྱ་ར་ནང་གི་རི་སྐྱེས་ཤིང་པད་མ་སེར་པོའི་གྲངས་ཀ་ནི་རྐང་5000ལས་བརྒལ་ཡོད་སྟབས། འཛམ་གླིང་ཐོག་གི་རི་སྐྱེས་ཤིང་པད་མ་སེར་པོའི་ཚོམ་བུ་ཆེ་ཤོས་ཡིན་པ་རེད།
          བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱི་འབྲེལ་ཡོད་སྐྱེ་དངོས་ཆེད་མཁས་པས་བརྗོད་པ་ལྟར་ན། རི་སྐྱེས་ཤིང་པད་མ་སེར་པོ་སྟོངས་ཉེན་དུ་འགྱུར་རྐྱེན་ནི། གཅིག་ནས་རི་སྐྱེས་ཤིང་པད་མ་སེར་པོའི་སྐྱེ་དངོས་རིག་པའི་ཁྱད་ཆོས་ཡིན་པ་རེད། མེ་ཏོག་ཆེ་བའི་རི་སྐྱེས་ཤིང་པད་མ་སེར་པོའི་ས་བོན་གྱི་བོངས་ཚད་ཅུང་ཆེ་ལ། ཤུན་པ་ཡང་མཐུག་པོ་ཡོད་པ། མྱ་ངམ་གྱི་བྱེ་རྡོའི་ཐང་དུ་སྐྱེས་པས། ས་བོན་གྱི་མྱུ་གུ་འབུས་ཁག་པོ་ཡོད་པ་རེད། གཉིས་ནས་རང་བྱུང་གི་རྐྱེན་པས། མེ་ཏོག་ཆེ་བའི་རི་སྐྱེས་ཤིང་པད་མ་སེར་པོའི་མེ་ཏོག་བཞད་དུས་ནི་ལོ་རེའི་ཟླ་4པ་ནས་5པའི་བར་ཡིན་ལ། མེ་ཏོག་གི་ཐེའུ་ནི་ས་གནས་དེ་གའི་ས་སྲོད་དུས་ཀྱི་བ་མོ་དང་འཕྲད་སྟབས། མེ་ཏོག་ལ་སད་བརྒྱབ་ནས་འབྲས་བུ་ཆགས་ཐུབ་ཀྱི་མེད་པ་རེད། གསུམ་ནས་མིའི་རྒྱུ་རྐྱེན་ཡིན་ཞིང་། ས་གནས་ཁ་ཤས་སུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཡུལ་སྐོར་ལས་རིགས་གསར་སྤེལ་བྱས་པ་དཔེར་ན། ལམ་ བསྐྲུན་པ་དང་། ཟམ་པ་འཛུགས་པ། རག་རྒྱག་པ། གནམ་གྲུའི་འབབ་ཐང་བཟོས་པ་སོགས་ཀྱི་དབང་གིས་མེ་ཏོག་ཆེ་བའི་རི་སྐྱེས་ཤིང་པད་མ་སེར་པོའི་གདོད་མའི་འཚོ་སྐྱེས་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཐེབས་སྟབས། ཁོར་ཡུག་ལ་འགྱུར་བ་བྱུང་བ་ལས་མེ་ཏོག་དེ་ཉིད་འཚོ་སྐྱེས་ཀྱི་ཁོར་ཡུག་ཆུང་དུ་ཕྱིན་པ་རེད། དེ་མིན་གཞན་ཡང་། མེ་ཏོག་ཆེ་བའི་ཤིང་པད་མ་སེར་པོ་འདི་ཉིད་ལ་སྨན་སྦྱོར་གྱི་རིན་ཐང་ཆེན་པོ་ལྡན་པས། མིའི་རིགས་ཀྱིས་གཅོད་འབྲེག་རྩ་འགོག་བྱེད་པའི་དབང་གིས་སྟོངས་ཉེན་དུ་འགྱུར་ཚད་ཆེ་རུ་ཕྱིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།