འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།"འཛམ་གླིང་ཡང་རྩེ"ནི་ལོ་ངོ་ཁྲི་2600གོང་དུ་དམའ་ས་ཡིན་པ་ར་འཕྲོད་བྱུང་
    བ་གསར་དུ་ཤེས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་20ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།'འཛམ་གླིང་ཡང་རྩེ'ནི་ལོ་ངོ་ཁྲི་2600གོང་དུ་དམའ་ས་ཡིན་པ་ར་འཕྲོད་བྱུང་
བ་གསར་དུ་ཤེས་པ།
         མི་དམངས་དྲ་བའི་འཕྲིན། "འཛམ་གླིང་ཡང་རྩེ"མཚོ་བོད་མཐོ་སྒང་ནི་ཧིན་རྡུ་གླིང་དུམ་དང་ཨེ་ཤེ་ཡ་གླིང་དུམ་གཉིས་གདོང་ཐུག་སྟེ་ཡར་འབུར་ནས་ཆགས་པ་ཡིན་མོད། འོན་ཀྱང་ཡར་འབུར་བའི་དུས་ཚོད་དང་ཁོར་ཡུག་རིམ་འགྱུར་སྐོར་ལ་ཚན་རིག་ལས་རིགས་སུ་རྩོད་གླེང་ཆད་མེད་བྱེད་བཞིན་ཡོད་པ་རེད། 
         ལྟ་ཚུལ་རིགས་གཅིག་གིས་མཚོ་བོད་མཐོ་སྒང་ནི་གླིང་དུམ་གཉིས་གདོང་ཐུག་པའི་དུས་སྔ་མ་སྟེ་ད་ལྟའི་བར་གྱི་དུས་ཡུན་ལོ་ངོ་ཁྲི་5000གོང་དུ་ཆགས་པ་དང་། ད་ལྟ་བར་གྱི་ལོ་ངོ་ཁྲི་3000གོང་ངམ་ལོ་ངོ་ཁྲི་1500གོང་དུ་ད་ལྟའི་མཐོ་ཚད་འདི་ཆགས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ལྟ་ཚུལ་གཞན་ཞིག་གིས་མཚོ་བོད་མཐོ་སྒང་དེ་ནི་དུས་རབས་གསར་པའི་དུས་བར་མ་དང་ཕྱི་མ་སྟེ་ད་ལྟའི་བར་གྱི་ལོ་ངོ་ཁྲི་700གོང་དང་དེ་ལས་ཕྱི་བར་ད་གཟོད་མཐོ་ཚད་ཆགས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
         གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་འཇུག་ཁང་འདིའི་ཝང་ཧྥེ་ཞང་ཚོགས་པས་དམིགས་བཙུགས་ཉ་རིགས་འགྱུར་རྡོ་དང་དེའི་ལྷན་སྐྱེས་རྩི་ཤིང་འགྱུར་རྡོར་ཞིབ་འཇུག་བྱས་པ་བརྒྱུད། མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་ནི་ད་ལྟའི་བར་གྱི་ལོ་ངོ་ཁྲི་2600ནས་ལོ་ཁྲི་2400བར་གྱི་དུས་སུ་སྔར་བཞིན་དྲོ་ཞིང་བཞའ་རློན་གྱི་དམའ་ས་ཡིན་པ་ཤེས་རྟོགས་བྱུང་བ་རེད།
         ཚན་རིག་པ་ཚོས་གཞིར་འཛིན་ས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ལ་ཉེ་བའི་མཐོ་སྒང་གི་དབུས་རྒྱུད་དུ་རྙེད་པའི་ཉ་ཕན་ལུའུ་(攀鲈)འགྱུར་རྡོ་རེད། དེ་ནི་མིག་སྔར་ཨེ་ཤེ་ཡའི་ལྷོ་མ་དང་ཨེ་ཤེ་ཡའི་ཤར་ལྷོ་རྒྱུད་དང་། ཨ་ཧྥེ་རི་ཀ་གླིང་གི་དབུས་ནུབ་རྒྱུད་ཀྱི་ཚ་ཁུལ་དུ་ཡོད་པ་དང་། དུས་རྒྱུན་དུ་དབྱང་རླུང་མི་འདང་བའི་ཆུའི་ནང་དུ་འཚོ་གནས་བྱེད་བཞིན་ཡོད་པ་རེད། ཉ་ཕན་ལུའུ་ཡི་འགྲམ་ཁུང་ནང་རིམ་བཞིན་གློ་རུ་(迷鳃)ལྡན་པར་གྱུར་པས། ཉ་ཕན་ལུའུ་ཡིས་ཐད་ཀར་མཁའ་རླུང་ནང་གི་དབྱང་རླུང་རྔུབ་ཐུབ་པར་གྱུར།
         ཝང་ཧྥེ་ཞང་གིས་གསར་འགོད་པར་གསར་དུ་རྙེད་པའི་འགྱུར་རྡོ་ནི་ཉ་ཕན་ལུའུ་རིགས་ཀྱི་ད་ལྟའི་བར་དུ་ཆེས་སྔ་བ་མ་ཟད་ཆེས་གདོད་མའི་འགྱུར་རྡོ་ཡིན་ཞིང་། ཁོང་ཚོས་དེ་ལ“བོད་ལྗོངས་ཀྱི་གདོད་མའི་ཉ་ཕན་ལུའུ་”ཞེས་མིང་བཏགས་པ་མ་ཟད། དངོས་དཔེ་འདིའི་ཁྲོད་ནས་ཉ་ཕན་ལུའུ་ཡི་གློ་རུ་ཀྱང་རྙེད་པ་རེད། དེས་བོད་ལྗོངས་ཀྱི་གདོད་མའི་ཉ་ཕན་ལུའུ་ནི་དྲོ་ཞིང་བཞའ་རློན་ཆེ་བའི་ཁོར་ཡུག་ཏུ་འཚོ་ཡོད་པ་དང་། བཤད་སྟངས་གཞན་ཞིག་གི་ཐོག་ནས་བཤད་ན། སྐབས་དེར་མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་ཀྱི་ཁོར་ཡུག་ནི་ད་ལྟའི་ཨེ་ཤེ་ཡའི་ལྷོ་མ་དང་ཨེ་ཤེ་ཡའི་ཤར་ལྷོའི་ས་ཁུལ་ག་གེ་མོའི་ཁོར་ཡུག་དང་འདྲ་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅེས་བརྗོད་པ་རེད།
         ཚན་རིག་པས་གནའ་བོའི་སྐྱེ་དངོས་རིག་པའི་ཁུངས་ལུང་གཞིར་བཟུང་ནས་མཐོ་སྒང་ཡར་འབུར་དུས་ཀྱི་ལོ་རྒྱུས་ལ་ཕྱིར་ལྡོག་ནས་རིགས་འདེད་བྱས་པ་དང་། མིག་སྔའི་ས་གཤིས་རིག་པ་དང་སའི་གོ་ལའི་དངོས་ལུགས་རྫས་འགྱུར་རིག་པ་སོགས་ཀྱི་གཞི་གྲངས་ལ་གཞིགས་ནས་གྲུབ་པའི་རིགས་འདེད་ཕན་ཚུན་དཔྱད་གཞིར་བཟུང་ན་མཐོ་སྒང་ཡར་འབུར་བའི་གནས་ཚུལ་འཐུས་ཚང་ངམ་ལེགས་སྒྲིག་བྱས་ནས་རི་ཆུར་འགྱུར་ལྡོག་ཆེན་པོ་བྱུང་བའི་གནས་ཚུལ་ངོ་མ་རྟོགས་ཐུབ་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།