འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་ཁྲི་2600ཡི་གོང་དུ་མཚོ་བོད་ས་མཐོ་འདི་ཉིད“དྲོ་ཞིང་བཞའ་ཚན་ཆེ་བའི་ས་ཆ་
    དམའ་པོ”ཡིན་པ་ཞིབ་འཇུག་ལས་མངོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་25ཉིན། 12:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན། འཛམ་གླིང་ཡང་རྩེ་ཞེས་གྲགས་པའི་མཚོ་བོད་ས་མཐོ་འདི་དུས་ནམ་ཞིག་ལ་ད་ལྟའི་མཐོ་ཚད་འདི་ལྟ་བུ་ཆགས་པ་ཡིན་ནམ། དུས་ནམ་ཞིག་ལ་ད་ལྟའི་གྲང་ངད་དང་སྐམ་ཤས་ཆེ་བའི་གནམ་གཤིས་གྲུབ་པ་ཡིན་ནམ། རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱི་ཞིབ་འཇུག་གསར་ཤོས་ལས་མངོན་པར། ལོ་ཁྲི་2600ནས་ཁྲི་2400བར་གྱི་སྔོན་དུ། མཚོ་བོད་ས་མཐོའི་ས་དབུས་འདི་ཉིད་སྔར་བཞིན་དྲོ་ཞིང་བཞའ་ཚན་ཆེ་བའི་ས་ཆ་དམའ་པོ་ཞིག་ཡིན་པ་རེད། ཞིབ་འཇུག་བྱས་འབྲས་འདི་ཉེ་དུས་ཨ་རིའི་རིག་གཞུང་དུས་དེབ《ཚན་རིག་སྙན་ཞུ》ཞེས་པའི་ཐོག་སྤེལ་ཡོད་པ་རེད།
         ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་རུས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་སུའོ་ཡི་ཝུའུ་ཧྥེ་ཞང་ཚོགས་པས་ཉེ་དུས་མཚོ་བོད་ས་མཐོའི་དབུས་རྒྱུད་བོད་ལྗོངས་དཔལ་མགོན་རྫོང་དང་ཉི་མ་རྫོང་གི་ས་བབ་མཐོ་ཚད་སྨི་5000ཡི་སར་ལོ་ཁྲི་2600ནས་ཁྲི་2400གོང་གི་རུས་ཉའི་འགྱུར་རྡོ་དང་དེའི་མཐའ་འཁོར་དུ་མཉམ་དུ་སྐྱེས་པའི་སྐྱེ་དངོས་ཀྱི་འགྱུར་རྡོ་རྙེད་ནས་ས་མཐོའི་ས་གཤིས་ལོ་རྒྱུས་འཐུས་ཚང་དུ་གཏོང་རྒྱུར་དཔང་རྟགས་གསར་པ་བསྣན་ཡོད། ཤེས་རྟོགས་གསར་པ་དེ་གཞིར་བཟུང་ཞིབ་འཇུག་མི་སྣར་གོང་གསལ་གྱི་སྡོམ་ཚིག་དེ་བྱུང་ཡོད།
         རུས་ཉ་དེ་རིགས་གཙོ་བོ་ཚ་ཁུལ་ས་ཆར་ཡོད་ཅིང་། འགྲམ་སྦུག་གི་རྣ་གཤོག་ཆུང་ངུ་ནས་ཐད་ཀར་གསོ་རླུང་རྔུབ་ཐུབ། ཞིབ་འཇུག་ཚོགས་པས་རྙེད་པའི་རུས་ཉའི་འགྱུར་རྡོ་དེ་ནི་རུས་ཉའི་ཁོངས་གཏོགས་ནས་ད་བར་རྙེད་སྔ་ཤོས་ཀྱི་འགྱུར་རྡོ་ཞིག་ཡིན་པ་དང“བོད་ཀྱི་རུས་ཉའི་མེས་པོ”ཞེས་མིང་བཏགས་ཡོད། ཝུའུ་ཧྥེ་ཞང་གིས་རུས་ཉའི་འགྱུར་རྡོ་དེར་ཡང་རྣ་གཤོག་ཆུང་ངུ་ཡོད་པ་དེ་ཐོག་ནས་ཉ་དེར་དེང་རབས་ཀྱི་རུས་ཉ་དང་འདྲ་བའི་གཟུགས་ཁམས་ཁྱད་ཆོས་དང་འཚོ་སྡོད་གོམས་གཤིས་ཡོད་པ་གསལ་བཤད་ཐུབ་པ་མ་ཟད། དྲོ་ཞིང་བཞའ་ཚན་ཆེ་བའི་ཁོར་ཡུག་ཡིན་པའང་ཤུགས་སུ་བསྟན་པས་སྐབས་དེ་དུས་ཀྱི་མཚོ་བོད་ས་མཐོའི་ས་དབུས་ཀྱི་ཁོར་ཡུག་འདི་དེང་གི་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་འགའ་ཤས་ཀྱི་ཁོར་ཡུག་དང་འདྲ་པོ་ཡོད་པ་མཚོན་ཐུབ་ཅེས་བཤད།
         གནའ་བོའི་སྐྱེ་དངོས་རིག་པའི་དཔང་རྟགས་གཞན་དག་གིས་ཀྱང་གོང་གསལ་གྱི་ཞིབ་འཇུག་བྱས་འབྲས་ཁུངས་འདེད་བྱེད་ཐུབ། ཝུའུ་ཧྥེ་ཞང་གིས་རུས་ཉ་དང་རིམ་པ་གཅིག་པའི་སྐྱེ་དངོས་ཚོམ་བུའི་ཁྲོད་དྲོ་ཞིང་བཞའ་ཚན་ཆེ་བའི་ས་ཆར་སྐྱེ་བའི་ཤིང་ཏ་ལ་དང་ཧེ་རུ་ཀ་སོགས་ཡོད། དབྱེ་ཞིབ་བྱས་པ་ལྟར་ན་སྐབས་དེ་དུས་སྐྱེ་དངོས་ཚོམ་བུ་འདི་དག་སྐྱེ་ཡུལ་གྱི་ས་བབ་མཐོ་ཚད་སྨི་1000ལྷག་ལས་ཟིན་གྱི་མེད། རིམ་པ་གཅིག་པའི་འབུ་སྲིན་ཁ་ཤས་ལའང་དེ་དང་འདྲ་བའི་ལོ་རྒྱུས་ཡོད་པ་མངོན་གྱི་འདུག དེ་དག་ཚང་མས་སྐབས་དེ་དུས་ས་མཐོ་གྲུབ་མེད་པ་མ་ཟད། ཧིན་རྡུ་རྒྱ་མཚོའི་དྲོ་ཞིང་བཞའ་ཚན་ཆེ་བའི་རླུང་རྒྱུན་ས་མཐོའི་དབུས་སུ་རྒྱུ་ཡི་ཡོད་པ་གསལ་བཤད་ཐུབ་ཅེས་བཤད།
         ངོ་སྤྲོད་བྱས་པར་གཞིགས་ན། ཚན་རིག་མཁས་ཅན་ཚོས་མཚོ་བོད་ས་མཐོ་གྲུབ་པའི་དུས་ཚོད་ལ་ལྟ་སྟངས་མི་འདྲ་བ་འཛིན་གྱི་ཡོད་ཅིང་། ཁག་གཅིག་གིས་ས་མཐོ་འདི་ཉིད་ལོ་ཁྲི་5000གོང་ནས་གྲུབ་ཟིན་པ་མ་ཟད། ལོ་ཁྲི་3000ཙམ་གྱི་གོང་ངམ་ཡང་ན་ལོ་ཁྲི་1500ཙམ་གྱི་གོང་ནས་ད་ལྟའི་ས་བབ་མཐོ་ཚད་དེ་ཆགས་ཡོད་པའི་ངོས་འཛིན་བྱེད་པ་དང་། ད་དུང་མཁས་དབང་ཁག་གཅིག་གིས་ལོ་ཁྲི་700ཙམ་གྱི་གོང་དང་ཐ་ན་དེ་ལས་ཕྱི་བའི་དུས་ལ་གཞི་ནས་ད་ཆའི་མཐོ་ཚད་དེ་ཆགས་པའི་ཚོད་རྩིས་རྒྱག་པ། ཡང་ཁག་གཅིག་གིས་ཚོད་རྩིས་བྱས་པའི་དུས་ཚོད་ནི་གོང་གསལ་དུས་ཚོད་གཉིས་པོའི་བར་ན་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།