འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཐུམ་འབུའི་ནད་འཕྲལ་དུ་ཞིབ་དཔྱད་ཚད་ལེན་བྱེད་པའི་བོད་ཀྱི་སྒུལ་བདེའི་ལས་དོན་ས་
    ཚིགས་ཐོག་མ་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་25ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་23ཉིན། ཐག་རིང་ལུང་ཁུག་གི་མང་ཚོགས་ཉེ་སར་ཐུམ་འབུའི་ནད་ཀྱི་ཞིབ་དཔྱད་ལ་སྟབས་བདེ་བསྐྲུན་ཆེད། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་ཧྭ་ཏ་གཞི་རྒྱུ་ཀུང་སི་དང་མཉམ་ལས་བྱས་ནས་རྒྱལ་ནང་དུ་ཐུམ་འབུའི་ནད་འཕྲལ་དུ་ཞིབ་དཔྱད་ཚད་ལེན་གྱི་སྒུལ་བདེའི་ལས་དོན་ས་ཚིགས་ཐོག་མ་དེ་ལྷ་སར་སྤྱོད་འགོ་ཚུགས་པ་དེས་ལྗོངས་ཡོངས་སུ་ཐུམ་འབུའི་ནད་ཞིབ་བཤེར་དང་ཚབས་ཆེའི་འགོ་ནད་རིགས་ཀྱི་བརྟག་དཔྱད་དང་འགོག་བཅོས་ལས་དོན་ལ་སྐུལ་མ་ཐེབས་རྒྱུ་རེད།
         སྒུལ་བདེའི་ལས་དོན་ས་ཚིགས་དེ་རླངས་འཁོར་ནང་བཙུགས་པས་མི་ཚོགས་མང་ས་དང་སྨན་བཅོས་ཀྱི་ཐོན་ཁུངས་དཀོན་པའི་ཞིང་འབྲོག་ཁུལ་དུ་སྤྱོད་ཆོག་ཅིང་། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་གཞི་རྒྱུའི་ཚད་ལེན་གོ་རིམ་དེ་ལག་རྩལ་གཙོ་བོ་ཡིན་ལ་འཁྱེར་བདེའི་Bརླབས་དང་འཕྲལ་དུ་ཞིབ་དཔྱད་ཚད་ལེན་ཡོ་ཆས་ཆུང་གྲས་ལ་བརྟེན་ནས་ཐུམ་འབུའི་ནད་ཡོད་མེད་བརྟག་དཔྱད་དང་། ནད་འགོག་དབྱེ་ཞིབ། ཚད་ལེན་གོ་རིམ་དབྱེ་ཞིབ་བྱ་རྒྱུ་བཅས་གཞི་གཅིག་ཏུ་བསྡུས་པས་ས་གནས་ས་ཐོག་ཏུ་མི་ཚོགས་ལ་ཞིབ་བཤེར་དང་། སྨན་བཅོས་ལག་ལེན་གྱི་མ་དཔེ་དང་སྲོག་ཆགས་ཀྱི་བཙོག་པའི་མ་དཔེ་བསྡུ་ཐུབ་པ་དང་། ཚོད་ལྟ་ཁང་གི་ནད་གཞིའི་ཡིག་མཛོད་བཟོ་བ་དང་ཚད་ལེན་གོ་རིམ་གྱི་ལས་དོན་གཅིག་འཐུས་ཐོག་ནས་ལེགས་སྒྲུབ་བྱས་ཏེ་ཐུམ་འབུའི་ནད་ཀྱི་ཞིབ་བཤེར་ཐད་སྔར་བས་སྟབས་བདེ་དང་འཕྱུགས་མེད་ཡོང་བར་བྱེད་ཐུབ།
         ངོ་སྤྲོད་བྱས་པར་གཞིགས་ན། ལག་རྩལ་དེ་འདུས་འདྲིལ་གཅོང་ནད་དང་ནད་དུག་རང་བཞིན་གྱི་མཆིན་ཚད་སོགས་ཚབས་ཆེའི་འགོ་ནད་ཞིབ་བཤེར་འགོག་བཅོས་ལས་དོན་ཐད་སྤྱོད་ཆོག་པས་བོད་ཀྱི་འཕྲོད་བསྟེན་ཞིབ་བཤེར་ཚད་ལེན་གྱི་ནུས་པ་ཁྱོན་ཡོངས་ནས་ལེགས་སུ་གཏོང་ཐུབ་པ་མ་ཟད་འགོ་ནད་གཙོ་བོའི་ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་ལ་ལག་རྩལ་གྱི་རྒྱབ་སྐྱོར་ཡང་བྱེད་ཐུབ་ངེས་རེད།
         གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་སྡེ་ཚན་ནས་ཤེས་རྟོགས་བྱས་པ་ལྟར་ན། ད་ལོ་ནས་བཟུང་བོད་ཀྱིས་ནད་དུག་གི་འབྱུང་ཁུངས་ནས་ཚོད་འཛིན་དང་། ཐུམ་འབུའི་ནད་པར་ཞིབ་བཤེར། འགོག་བཅོས་ཤེས་བྱ་སྒྲོག་འགྲེལ། འཕྲོད་བསྟེན་གྱི་ཆ་རྐྱེན་ལེགས་བཅོས། འགོག་བཅོས་ནུས་པ་ལེགས་གཏོང་བཅས་ཕྱོགས་ལྔའི་ཐད་ནས་ཐུམ་འབུའི་ནད་ལ་ཕྱོགས་བསྡུས་ངང་འགོག་བཅོས་བྱེད་བཞིན་ཡོད་པ་དང་། ཐུམ་འབུའི་ནད་མི་ཚོགས་མང་པོར་ཡོད་མེད་ཞིབ་བཤེར་བྱེད་པ་དང་ཞིང་འབྲོག་པའི་བདེ་ཐང་དང་གྲྭ་བཙུན་ལ་རིན་མེད་བརྟག་དཔྱད་བྱ་རྒྱུ་གཙོ་བོར་བཞག་ནས་ལོའི་ནང་ཞིབ་བཤེར་ལས་འགན་ཁྱབ་ཚད་དེ་ཞིབ་བཤེར་མི་ཚོགས་ཀྱི་50%ཟིན་པར་བྱས་ཏེ་ལོ་གསུམ་གྱི་རིང་མི་ཚོགས་ཡོངས་ལ་བརྟག་དཔྱད་ཐུབ་པར་བྱ་རྒྱུ་རེད། 《བོད་རང་སྐྱོང་ལྗོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་གྱི་ཇུས་གཞི(2017—2020ལོ)》གཞིར་བཟུང་བོད་ཀྱིས་2020ལོར་སླེབས་སྐབས་སྤྱིར་ན་ཐུམ་འབུའི་ནད་མཆེད་རྒྱུར་ཚོད་འཛིན་གྱི་དམིགས་ཚད་འགྲུབ་རྒྱུ་རེད།
         ཐུམ་འབུའི་ནད་ནི་མི་ཕྱུགས་གཉིས་ཀར་ཕོག་པའི་གཞན་བརྟེན་སྲིན་འབུའི་ནད་ཅིག་ཡིན་པས་མཁྲིས་པ་དང་། གློ་བ། ཀླད་པ། རུས་པ་སོགས་དབང་པོ་དང་གྲུབ་ཆ་ཡོངས་ལ་གནོད་པ་ཞིག་ཡིན་ལ་དེའི་ནང་ཝུ་སོབ་དབྱིབས་ཅན་གྱི་ཐུམ་འབུའི་ནད་ནི་འཆི་རྐྱེན་ཆེ་བའི་ན་ཚ་ཞིག་རེད། བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔར་བོད་ཀྱི་རྫོང་དང་ཆུས་74ཚང་མར་ཐུམ་འབུའི་ནད་མཆེད་ཡོད་ཅིང་། དེ་ནི་ཞིང་འབྲོག་ཁུལ་གྱི་མང་ཚོགས་དབུལ་པོར་འགྱུར་རྐྱེན་དང་ན་ཚའི་རྐྱེན་གྱིས་སླར་ཡང་དབུལ་ཕོངས་སུ་འགྱུར་བའི་རྒྱུ་རྐྱེན་གཙོ་བོའི་གྲས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།