འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་གི་
    ཚོགས་འདུ་ཝ་ཧྲིང་ཐོན་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་25ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་22ཉིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི(G20)ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་གི་ཚོགས་འདུ་ཚེས་20དང་21ཉིན་ཨ་རིའི་ཝ་ཧྲིང་ཐོན་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་དེང་སྐབས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དུས་བབ་དང་། འཕར་བའི་སྒྲོམ་གཞི། རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞི། གོ་ལ་ཧྲིལ་པོའི་དངུལ་རྩ་བཅོས་སྐྱོང་། ཨ་ཧྥེ་རི་ཁའི་མ་འཇོག་གྲོས་འགོར་སྐུལ་འདེད་གཏོང་བ། དངུལ་རྩའི་སྡེ་ཚན་གྱི་འཕེལ་རྒྱས་དང་ལྟ་སྐུལ་དོ་དམ་སོགས་ཀྱི་གྲོས་གཞིར་གཙོ་གནད་ཐོག་གྲོས་བསྡུར་བྱས་པ་རེད། ཀྲུང་གོ་ནོར་སྲིད་པུའི་པུའུ་ཀྲང་ཤའོ་ཅེ་དང་ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་ཀྲོའུ་ཞའོ་ཁྲོན་རྣམ་གཉིས་ཀྱིས་ཀྲུང་གོའི་འཐུས་མི་ཚོགས་པའི་སྣེ་འཁྲིད་དེ་ཚོགས་འདུར་ཞུགས་པ་རེད།
         ཤའོ་ཅེས་2017ལོ་ཚུན་དུ་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་ཁྲོད་ཀྱི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མུ་མཐུད་མང་དུ་ཕྱིན་ཏེ་དུས་ཚིགས་དང་པོར་ཀྲུང་གོའི་དཔལ་འབྱོར་ན་ནིང་གི་དུས་མཚུངས་ལས་6.9%འཕར་ཡོད། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས“གསུམ་དོར་གཅིག་གཅོག་གཅིག་གསབ”ལ་འཕེལ་རིམ་ཡག་པོ་བྱུང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་མུ་མཐུད་ཆེ་རུ་ཕྱིན་པ། ལས་རྣམ་གསར་པ་དང་རྣམ་པ་གསར་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོས་འདི་ལོའི་དཔལ་འབྱོར་6.5%ཙམ་འཕར་རྒྱུའི་སྔོན་དཔག་དམིགས་ཚད་མངོན་འགྱུར་ཐུབ་རྒྱུའི་ཡིད་ཆེས་ཡོད་པ་དེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད་ཅེས་བཤད་པ་རེད།
         ཤའོ་ཅེས་ཉེ་དུས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བསྐྱར་དར་གྱི་རྣམ་པ་བཟང་བ་དང་ཁྲོམ་རའི་ཁོར་ཡུག་ཡག་པོ་ཡོད། འོན་ཀྱང་སྔར་བཞིན་ཉེན་ཁ་དང་གཏན་འཁེལ་མེད་པའི་རང་བཞིན་མང་པོ་འཕྲད་པ་དང་ལྷག་དོན་དུ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་གཅིག་གི་དཔལ་འབྱོར་སྲིད་ཇུས་ཁ་གསལ་པོ་མེད། G20ཡི་རྒྱལ་ཁབ་ཁག་གིས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་སྙོམས་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་G20ཡི་ཧང་ཀྲོའུ་དབུ་ཚོགས་ཀྱི་གལ་ཆེའི་གྲུབ་འབྲས་མུ་མཐུད་དོན་འཁྱོལ་དང་། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་དཔལ་འབྱོར་བསྐྱར་དར་གྱི་འཕེལ་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་ཞེས་བཤད་པ་རེད།
         ཀྲོའུ་ཞའོ་ཁྲོན་གྱིས་རྒྱལ་ཁབ་འགའ་ཞིག་གིས་གོ་ལ་ཧྲིལ་པོའི་དོ་སྙོམས་མེད་པའི་གནད་དོན་ལ་དོ་ཁུར་བྱེད་པའི་གྲོས་འགོ་འདོན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་དོ་སྙོམས་མེད་པ་དང་ད་ཆ་ལག་ལེན་བསྟར་བའི་རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞིའི་དབར་གྱི་ནང་གནས་འབྲེལ་བར་སྔར་བས་དོ་ཁུར་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ད་ཆ་ལག་ལེན་བསྟར་བཞིན་པའི་རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞིར་མི་འདང་བའི་ཆ་གནས་པ་དང་མ་རྩ་འཁོར་རྒྱུག་དང་རྒྱུན་གཏན་རྩིས་ཁྲའི་ལྷག་གྲངས་ཀྱི་འགྱུར་ལྡོག་ལྡོག་ཕྱོགས་སུ་གྱུར་ཡོད། ཨེ་ཤེ་ཡའི་དངུལ་རྩའི་ཉམས་ཉེན་ཐོན་རྗེས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གིས་དངུལ་རྩའི་བདེ་འཇགས་དྲ་བ་འཐུས་སྒོ་ཚང་པོ་མེད་པ་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཉེན་ཁར་རོགས་སྐྱོབ་བྱེད་ནུས་མི་འདང་བར་བརྟེན་དངུལ་ལོར་གྲབས་གསོག་བྱ་རྒྱུ་འདི་ཉིད་བདེ་འཇགས་ལྡན་པའི་བྱེད་ཐབས་སུ་གྱུར་ནས་མ་དངུལ་རྣམས་དངུལ་ལོར་གྲབས་གསོག་རྒྱལ་ཁབ་ལ་འཁོར་རྒྱུག་བྱེད་ཀྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། དངུལ་རྩའི་ཉམས་ཉེན་ཐོན་རྗེས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གིས་ཕྱིར་གཏོང་འཕེལ་རྒྱས་གཏོང་རྒྱུར་མཐའ་གཅིག་ཏུ་གཞོལ་བ་མ་ཟད། ཕྱི་དངུལ་གྲབས་གསོག་བྱེད་མང་དུ་བཏང་ནས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་བདེ་འཇགས་མ་རྩ་ཉོ་ཡི་ཡོད། ད་ཐེངས་ཀྱི་དངུལ་རྩའི་ཉམས་ཉེན་གྱི་གནས་ཚུལ་ཡང་དེ་དང་འདྲ་པོ་ཡོད། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ཉམས་ཉེན་ལ་ཁ་གཏད་གཅོག་ཆེད་ཚད་འབེབས་ལྷུག་གཏོང་སྲིད་ཇུས་བཏོན་པ་དང་དེ་རྗེས་དེའི་དཔལ་འབྱོར་བསྐྱར་གསོ་བརྟན་པོ་ཡོང་བ་དང་བསྟུན་ནས་ཚད་འབེབས་ལྷུག་གཏོང་སྲིད་ཇུས་མེད་པ་བཟོས་པས་གོ་ལ་ཧྲིལ་པོའི་མ་རྩ་འཁོར་རྒྱུག་ཇེ་སྡུག་ཏུ་འགྲོ་འགོ་ཚུགས་ཡོད། དེར་བརྟེན་དོ་སྙོམས་མེད་པ་དང་རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞིའི་དབར་གྱི་ནང་གནས་འབྲེལ་བར་དོ་ཁུར་བྱེད་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།