འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་སྒོར་དུང་ཕྱུར་7བཏང་ནས་ སློབ་གསོའི་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་2017ལོའི་ཁག་དང་པོའི་ས་ཁུལ་དབུལ་པོའི་འོས་འགན་སློབ་གསོའི་ཉམས་ཞན་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་སུ་གཏོང་རྒྱུར་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་7བཏང་ནས་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྕི་པོ་ཡོད་པའི་ས་ཁུལ་ལ་གཙོ་གནད་ཐོག་གཟིགས་སྐྱོང་བྱས་པ་རེད། མིག་སྔ་བར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས“ཁྱོན་ཡོངས་ནས་ཉམས་ཞན་ལེགས་བཅོས”ཐད་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་38.5བཏང་ཡོད།
          “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། མཚོ་སྔོན་ཞིང་ཆེན་སློབ་གསོ་དབུལ་སྒྲོལ་འགག་སྒྲོལ་བྱ་སྤྱོད་ཀྱིས“ལོ་བཞིའི་གཅིག་སྡུད་འགག་སྒྲོལ་དང་ལོ་གཅིག་སྲ་བརྟན་མཐོར་གཏོང”གི་སྤྱིའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་སློབ་གསོ་དབུལ་སྒྲོལ་འདུ་འགོད་ལག་བསྟར་ནན་པོ་བྱས་ཏེ་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ཚང་མས་འདྲ་མཉམ་དང་སྤུས་ལྡན་གྱི་སློབ་གསོ་ལོངས་སྤྱོད་ཐུབ་པ་དང་ཕ་ཚ་བུ་རྒྱུད་དབུལ་པོར་མི་འགྱུར་བ་བྱ་རྒྱུ་རེད། ཁྱོན་ཡོངས་ལ་ཁྱབ་པ་དང་མི་སྒེར་ལ་གནད་སྨིན་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་མི་འབོར་དབུལ་པོའི་སློབ་གསོ་དང་ལེན་དུས་བཀག་རིང་དུ་གཏོང་བ་དང་ངལ་རྩོལ་པའི་ལག་རྩལ་རྩལ་ནུས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་གྲོང་ཚོ་དང་མིར་སློབ་གསོ་ཐེབས་པའི་གནད་སྨིན་དབུལ་སྒྲོལ་མ་ལག་ཧུར་ཐག་གཏོད་རྒྱུ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། མ་དངུལ་དེ་དག་མཚོ་སྔོན་གྱི་སློབ་གྲྭ་318གསར་བསྐྲུན་དང་། སྨི་ངོས་གྲུ་ཁྲི་12.36ཟིན་པའི་སློབ་མའི་ཉལ་ཁང་རྒྱས་སྐྲུན། རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་39.4ཟིན་པའི་ལུས་རྩལ་ཐང་འཛུགས་སྐྲུན། དབུལ་སྒྲོལ་རྫོང་11དང་འོས་འགན་སློབ་གསོ་འཕེལ་རྒྱས་དོ་སྙོམས་རྩིས་ལེན་རྫོང་13ལ་ཚད་གཞི་གཞིར་བཟུང་འབྲེལ་ཡོད་བཅས་ཀྱི་སློབ་གསོའི་སྒྲིག་ཆས་བཀོད་སྒྲིག་བྱེད་པ། “སློབ་མ་ཚད་བརྒལ་འཛིན་གྲྭ”དང“སློབ་མ་ཚད་ལས་ཆེན་པོ་བརྒལ་བའི་འཛིན་གྲྭའི”གནད་དོན་ཐག་གཅོད་བྱ་རྒྱུ་བཅས་ཀྱི་ཐད་སྤྱོད་རྒྱུ་རེད།
          “ཁྱོན་ཡོངས་ནས་ཉམས་ཞན་ལེགས་བཅོས”ལས་དོན་ཡག་པོ་བསྒྲུབས་ནས་སློབ་གསོ་དབུལ་སྒྲོལ་འགག་སྒྲོལ་གྱི་གོམ་སྟབས་མགྱོགས་སུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ཞིང་ཆེན་སློབ་གསོ་ཐིང་དང་མཉམ་དུ་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གྲ་སྒྲིག་ཧུར་ཐག་བྱས་པ་དང་དུས་འབྲིང་དཔྱད་དཔོག་ལས་དོན་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་(ཀྲོའུ་དང་རྫོང)ཡོངས་ཀྱིས“ཉམས་ཞན་ཁྱོན་ཡོངས་ལེགས་གཏོང”རྣམ་གྲངས་སློབ་གྲྭའི་རང་བཤེར་དཔྱད་དཔོག་ལ་མཛུབ་ཁྲིད་བྱས་པ་དང་ལེགས་སྒྲིག་བྱེད་རྩིས་ཡོད་པའི་སློབ་གྲྭར་ས་གནས་ས་ཐོག་ཏུ་ཞིབ་དཔྱད་བྱས་ཤིང་། གྲོང་ཁྱེར་(ཀྲོའུ)གྱི་མ་དངུལ་བསྡོམས་འབོར་མི་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་འོག་དུས་འབྲིང་འཆར་འགོད་ཇུས་གཞི་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ནས་རྣམ་གྲངས་འཆར་འགོད་དེ་ས་ཁུལ་ཁག་གི་སློབ་གསོ་འཕེལ་རྒྱས་ཀྱི་དོན་དངོས་དང་དེ་བས་འཚམ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”སློབ་གསོ་འཕེལ་རྒྱས་འཆར་འགོད་དམིགས་ཚད་དང་དེ་བས་འཚམ་པ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།