འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།འབོ་གསེར་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཐོག་ཐུན་མོང་གཏམ་
    བཤད་ཐེངས་དང་པོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་18ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ལིའུ་ཅེ་དབྱིས་འབོ་གསེར་རྒྱལ་ཁབ་ཀྱི་ཚབ་ཞུས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི“རྒྱུན་སྲིང་འཕེལ་རྒྱས་དམིགས་ཚད་ཀྱི་མ་དངུལ་གྲབས་གསོག་གནད་དོན་ཐད་ཀྱི་མཐོ་རིམ་གྲོས་བསྡུར་ཚོགས་འདུའི”ཐོག་ཐུན་མོང་གཏམ་བཤད་སྤེལ་ཡོད། དེ་ནི་2006ལོར་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་བཙུགས་ཚུན་འབོ་གསེར་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཐོག་ཐུན་མོང་གཏམ་བཤད་སྤེལ་ཐེངས་དང་པོ་ཡིན་པ་རེད།
          ཀྲུང་གོ་ནི་2017ལོའི་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་ཞིང་། འབོ་གསེར་རྒྱལ་ཁབ་ཀྱི་ཐུན་མོང་ངོས་འཛིན་ལ་གཞིགས་ཏེ་ལིའུ་ཅེ་དབྱིས་དེ་ཉིན་འབོ་གསེར་རྒྱལ་ཁབ་ཀྱི་ཚབ་ཞུས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི“རྒྱུན་སྲིང་འཕེལ་རྒྱས་དམིགས་ཚད་ཀྱི་མ་དངུལ་གྲབས་གསོག་གནད་དོན་ཐད་ཀྱི་རིམ་པ་མཐོ་བའི་གྲོས་བསྡུར་ཚོགས་འདུའི”ཐོག་ཐུན་མོང་གཏམ་བཤད་སྤེལ་བ་རེད།
          ལིའུ་ཅེ་དབྱིས་འབོ་གསེར་རྒྱལ་ཁབ་ཀྱི་ཚབ་ཞུས་ཏེ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཀྱི་མ་དངུལ་གྲབས་གསོག་སྐོར་ལ་ཞིབ་ཕྲའི་གྲོས་འགོ་བཏོན་པ་སྟེ། གཅིག་ནས་ཆབ་སྲིད་འདོད་འདུན་ཟབ་ཏུ་བཏང་ནས་《མོང་ཐེ་ལེའི་ཐུན་མོང་ངོས་འཛིན་》དང་། 《འཕེལ་རྒྱས་གཏོང་རྒྱུའི་ཐད་ཀྱི་མ་དངུལ་གྲབས་གསོག་སྐོར་གྱི་ཏོ་ཧའི་བསྒྲགས་གཏམ》 《ཡ་ཏི་སི་ཨ་པེ་པ་བྱ་སྤྱོད་ཀྱི་གྲོས་རིམ་》བཅས་དོན་འཁྱོལ་ཏན་ཏིག་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“ཐུན་མོང་དང་དབྱེ་བ་ཡོད་པའི་འགན་འཁྲིའི”རྩ་དོན་མཐའ་འཁྱོངས་བྱས་ཏེ་ལྷོ་བྱང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། གཉིས་ནས་མ་དངུལ་གྲབས་གསོག་གི་ཐབས་ལམ་རྒྱ་ཆེར་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་སྔོན་ལ་མ་དངུལ་ཐོག་ནས་རྒྱབ་སྐྱོར་བྱེད་དགོས་པ། གསུམ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱལ་སྤྱིའི་འཕེལ་རྒྱས་ཁོར་ཡུག་ཡག་པོ་གཏོད་དགོས་པ་བཅས་རེད།
          2006ལོར་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་བཙུགས་ཚུན། མཉམ་ལས་ཁྱབ་ཁོངས་རྒྱུན་སྲིང་ངང་རྒྱ་ཆེར་སོང་ནས་འགོ་ཁྲིད་དབར་མཇལ་འཛོམས་བྱ་རྒྱུ་སྣེ་ཁྲིད་དུ་བྱེད་པ་དང་བདེ་འཇགས་ལས་དོན་གྱི་མཐོ་རིམ་འཐུས་མིའི་ཚོགས་འདུ་དང་ཕྱི་འབྲེལ་དཔོན་དབར་གྱི་ཐུག་འཕྲད་སོགས་ཀྱི་ཚོགས་འདུ་འདེགས་སྐྱོར་དུ་བྱས་ཏེ་དཔལ་འབྱོར་ཉོ་ཚོང་དང་། ནོར་དཔལ། བཟོ་ཚོང་། ཞིང་ལས། སློབ་གསོ། འཕྲོད་བསྟེན། ཚན་རྩལ། རིག་གནས། ཇུས་འདོན་ཚོགས་པ། མཛའ་གྲོགས་གྲོང་ཁྱེར་སོགས་ཁྱབ་ཁོངས་ཁྲོད་དངོས་སྒྲུབ་མཉམ་ལས་བྱེད་པའི་རིམ་པ་མང་བའི་གཞི་སྒྲོམ་ཞིག་ཏུ་གྱུར་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་ད་དུང་གསར་སྤེལ་དངུལ་ཁང་གསར་པ་དང་། འཕྲལ་སྒྲུབ་གྲབས་གསོག་བཀོད་སྒྲིག བཟོ་ཚོང་ལས་འཛིན་ཚོགས་འདུ། ཇུས་འདོན་ཚོགས་པའི་ལས་འཛིན་ཚོགས་འདུ་སོགས་ཀྱི་མཉམ་ལས་ལམ་སྲོལ་བཙུགས་ཡོད། 2017ལོའི་ཟླ་9པར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་དགུ་པ་དེ་ཕུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དུ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།