འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲུའུ་ཞི་ཞི་ཅིན་ཕིང་ཀོ་ཏར་གྲུ་ཁར་གཟིགས་པར་ཕེབས་ན་ཅི་མ་རུང”

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ལོ་གཉིས་གོང་ཀྲུའུ་ཞི་ཞི་ཅིན་ཕིང་ཕ་ཁི་སི་ཐན་དུ་འཚམས་འདྲིར་ཕེབས་སྐབས། ཀོ་ཏར་གྲོང་ཁྱེར་གྱི་གྲོང་ཧྲི་ཀྲང་པ་པུའུ·ཀུའུ་ལ་པུའུ་ཀོ་ཏར་གྱི་རྣམ་གྲངས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་པའི་ནང་ཞུགས་པ་རེད།
          2013ལོར་འདི་ག་ཚགས་པར་གྱི་གསར་འགོད་པས་ཀོ་ཏར་གྲུ་ཁར་བཅར་འདྲི་བྱེད་པར་ཐོག་མར་སྐྱོད་སྐབས། དེར་མི་དེ་ཙམ་མང་པོ་མེད་པའི་ཁར་མིག་ལམ་དུ་བྱེ་ཐང་གིས་ཁེངས་ལ། དེ་གའི་ཡུལ་མི་ཚོ་མི་རབས་ནས་མི་རབས་བར་ཉ་བཟུང་ནས་འཚོ་བ་སྐྱེལ་བཞིན་འདུག ཕ་ཁི་སི་ཐན་གྱི་ལྷོ་ཕྱོགས་གྲུ་ཁའི་གྲོང་ཁྱེར་ཁཱ་ལ་ཆི་ནས་ཀོ་ཏར་བར་གཟའ་འཁོར་རེར་དུས་གཏན་གནམ་གྲུ་ཐེངས་རེ་ལས་མེད་པ་དང་། ཀྲུང་གོ་བ་ནི་ཧ་ལམ་མཐོང་མེད།
          ད་རེས་གསར་འགོད་པ་ཀོ་ཏར་གྲུ་ཁར་བཅར་འདྲི་བྱེད་པར་བསྐྱར་དུ་སྐྱོད་སྐབས། མིག་ལམ་དུ་མཐོང་བ་ནི་གང་སར་འགྱུར་ལྡོག་འགྲོ་བའི་རྣམ་པ་ཡིན་པ་དང་ཀོ་ཏར་ལ་མི་ཧ་ཅང་མང་དུ་སོང་བ་དེ་རེད། ཁཱ་ལ་ཆི་ནས་ཀོ་ཏར་གཏོང་བའི་དུས་གཏན་གནམ་གྲུ་ཉིན་ལྟར་ཐེངས་རེ་ཡོད་པས་ཀོ་ཏར་ལ་འགྲོ་མཁན་ལ་གནམ་གྲུའི་སྤ་སེ་རག་ན“རླུང་རྟ་རྒྱུག་པར”བརྩི་ཡི་ཡོད། ཀོ་ཏར་ལ་སྐྱོད་པའི་གནམ་གྲུའི་ཐོག་གསར་འགོད་པས་ཉེ་འགྲམ་གྱི་རོགས་པ་ཕ་ཁི་སི་ཐན་བ་དང་གླེང་མོལ་བྱེད་སྐབས། ཁོང་ཚོའི་དམིགས་ཡུལ་ནི་ཀོ་ཏར་ལ་ཚོང་ལམ་འཚོལ་བར་འགྲོ་རྒྱུ་གཅིག་མཚུངས་རེད་འདུག ཕ་ཁི་སི་ཐན་གྱི་ཀོ་ཏར་ནི་ཀྲུང་གོའི་དཔལ་འབྱོར་ཁུལ་གསར་ཞུང་ཨན་ལྟ་བུ་ཡིན།
         ཀོ་ཏར་གྲུ་ཁའི་རང་མོས་ཁུལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་གཞོན་པ་ཧུའུ་ཡའོ་ཙུང་གིས་ད་ཆའི་ཨར་སྐྲུན་མྱུར་ཚད་ལ་གཞིགས་ཚེ། ཀོ་ཏར་གྲུ་ཁའི་རྣམ་པ་ཟླ་བ་གསུམ་རེར་འགྱུར་ལྡོག་ཆེན་པོ་རེ་ཡོང་རྒྱུ་རེད། ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་མང་པོ་རྟོག་ཞིབ་བྱེད་པར་ཡོང་བ་དང་། རྣམ་གྲངས་སྔ་གཞུག་ཏུ་ལས་འགོ་ཚུགས་པ། འདུ་ཤེས་གསར་པ་རྒྱུན་མི་ཆད་པར་ཐོན་པ་སོགས་ཀྱིས་སྔོན་གྱི་ཉ་གྲོང་ཆུང་ཆུང་དེ་རིམ་བཞིན་ཀུན་གྱིས་དོ་སྣང་བྱེད་པའི་རྒྱལ་སྤྱིའི་གྲུ་ཁ་དང་མ་འཇོག་སྐྱེད་ཚལ་ལྟ་བུར་འགྱུར་བཞིན་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
         ཀྲུང་གོའི་ཕྱི་རྒྱལ་གྲུ་ཁའི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་ཀྲང་པའོ་ཀྲུང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་ཀྲུང་གོའི་ཕྱི་རྒྱལ་གྲུ་ཁའི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“1+4”ཡི་མཉམ་ལས་བཀོད་སྒྲིག་ལ་གཞིགས་ནས་མཉམ་ལས་གྲུབ་འབྲས་ཀྱི་ཕན་པ་དེ་གའི་མང་ཚོགས་ལ་ཁྱབ་གང་ཐུབ་བྱེད་ཀྱི་ཡོད། རྒྱུན་གཏན་གྱི་མཉམ་ལས་རྣམ་གྲངས་དང་མི་འདྲ་བའི་ཀོ་ཏར་གྲུ་ཁ་བསྐྲུན་རྒྱུ་ནི་མ་ལག་ཆ་ཚང་བའི་ལས་གྲྭ་ལས་གྲྭ་རྐྱང་པ་ཞིག་མིན་པས། གྲུ་ཁ་ལས་གཉེར་དང་རང་མོས་ཁུལ་གསར་སྤེལ་བྱ་རྒྱུས་ཚུད་པའི་ཕྱོགས་བསྡུས་བྱེད་ཤུགས་ཆེ་ཙམ་ལྡན་པ་ཞིག་ཡིན། “ཀྲུང་གོས་དམིགས་བསལ་ཁུལ་དང་དཔལ་འབྱོར་གསར་སྤེལ་ཁུལ་བསྐྲུན་པའི་ཉམས་མྱོང་དག་ཕ་ཁི་སི་ཐན་དུ་ཁྱེར་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་གསར་པ་ཞིག་འགོ་བརྩམས་ཏེ་ཕ་ཁི་སི་ཐན་ཧྲིལ་པོ་བཟོ་ལས་ཕྱོགས་སྒྱུར་ཡོང་བར་སྣེ་འཁྲིད་རྒྱུ་དང་། འབྱུང་འགྱུར་ཀོ་ཏར་རང་མོས་ཁུལ་དེ་སྤྱི་ཚོགས་ཆུང་ངུ་ཞིག་ཏུ་ཆགས་པ་བྱས་ནས་དཔེ་སྟོན་རྣམ་གྲངས་ཤིག་ཏུ་འགྱུར་རྒྱུར་ང་ཚོས་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
         ཀོ་ཏར་གྲུ་ཁ་ཉིན་བཞིན་ལེགས་སུ་སོང་ནས་ཚོང་འགུགས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། རྒྱལ་སྤྱིའི་གནམ་ཐང་གསར་པ་དང་། ལས་བཟོའི་གསོ་སྦྱོང་ལྟེ་གནས། དེང་རབས་སྨན་ཁང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་30ཟིན་པའི་རྡོ་སོལ་གློག་གཏོང་ཁང་། ཉིན་རེར་ཚྭ་ཆུ་ཀ་ལུན་ཁྲི་500ཚྭ་མེད་ཆུར་སྒྱུར་བའི་བཟོ་གྲྭ་ལ་སོགས་པའི་རྣམ་གྲངས་སྐྲུན་བཞིན་ཡོད། དམིགས་ཡུལ་ནི་དེ་གའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་བཏང་ནས་ཀོ་ཏར་གྱི་ཐོན་ལས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དེ་རེད། ཀྲུང་གོ་ནས་ཡོང་བའི་ཨར་སྐྲུན་པ་རྣམས་དཔེ་མི་སྲིད་པའི་ཡག་པོ་རེད། ཁོང་ཚོས་ཀྲུང་གོ་དང་ཕ་ཁི་སི་ཐན་དབར་མཛའ་མཐུན་གྱི་སྟོབས་ཤུགས་གསར་པ་ཞིག་སྦྱིན་ཡོད།
         ད་ཆ་ཀོ་ཏར་གྲུ་ཁ་འཛུགས་སྐྲུན་མགྱོགས་མྱུར་བྱེད་བཞིན་ཡོད་པས། དེ་ལས་བྱུང་བའི་ཕན་པ་དེ་གའི་མང་ཚོགས་ལ་ཐོག་མར་ཐོབ་རྒྱུ་ཡིན་ཞིང་། ད་ཆ་ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཀོ་ཏར་ལ་དེང་རབས་ཀྱི་མྱུར་སྐྱོབ་ལྟེ་གནས་ཤིག་སྐྲུན་བཞིན་ཡོད། འཆར་གཞི་ལྟར་ན་ལྟེ་གནས་དེ་འདི་ལོའི་ཟླ་ལྔ་པའི་ཟླ་སྟོད་གོང་བསྐྲུན་ཟིན་པ་བྱ་རྒྱུ་ཡིན་པ་དང་། དེ་དུས་ཀྲུང་གོའི་སྨན་པ་གདན་དྲངས་ནས་དེ་གའི་མང་ཚོགས་ལ་ན་ཚ་ལྟ་བའི་དཀའ་ངལ་ཆུང་དུ་འགྲོ་རྒྱུ་རེད།
         ད་རེས་བཅར་འདྲི་བྱེད་རིང་གསར་འགོད་པས་ཀོ་ཏར་གྱི་མང་ཚོགས་ཀྱི་ས་ནས“ཀྲུང་གོ་ཡོད་པས་ང་ཚོས་ཀོ་ཏར་འཕེལ་རྒྱས་ཀྱི་འཕར་རྩ་དྲག་ཏུ་འཕར་བ་ཚོར་བྱུང”ཞེས་པའི་དྲང་གཏམ་དེ་རྣ་བར་འཇགས་པ་ལྷང་ངེར་དྲན།
          “ཀྲུའུ་ཞི་ཞི་ཅིན་ཕིང་གིས‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་བཏོན་པ་དེས་ཀོ་ཏར་ལ་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་བས། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་ཀོ་ཏར་གྲུ་ཁར་གཟིགས་པར་ཕེབས་ན་ཅི་མ་རུང་སྙམ”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།