འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཕྱོགས་ཀྱིས་ཁེན་ནི་ཡའི་ཐན་སྐྱོན་ཕོག་ཁུལ་ལ་འབྲུ་རིགས་ཞལ་འདེབས་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་11ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། ཁེན་ནི་ཡའི་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཐུན་ཚོགས། ཁེན་ནི་ཡར་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ཐུན་མོང་ཐོག་ཁེན་ནི་ཡར་འབྲུ་རིགས་ཏུན་144ཞལ་འདེབས་བརྒྱབ་ནས་ཁེན་ནི་ཡའི་ཐན་སྐྱོན་ཕོག་ཚབས་ཆེ་ཤོས་ཀྱི་ཅུན་9ལ་གུན་སྐྱོབ་བྱ་རྒྱུར་སྤྱོད་རྒྱུ་ཡིན་པ་རེད།
         གུན་སྐྱོབ་དངོས་ཟོག་གི་གྲས་སུ་གྲོ་ཞིབ་དང་། མ་རྨོས་ལོ་ཏོག་ཕྱེ་མ། བཟའ་སྣུམ་བཅས་ཚུད་པས་དངུལ་སྨར་ལ་ཕབ་ན་་མི་དམངས་ཤོག་སྒོར་ཁྲི་110ཟིན་གྱི་ཡོད་པ་དང་། ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལིའུ་ཤན་ཧྥ་ཡིས་ཁེན་ནི་ཡའི་དབང་ཆ་ཁག་བགོས་དང་འཆར་འགོད་པུའི་པུའུ་ཀྲང་གཞོན་པ་གཡོད་སེ་ཕུའུ་ཐ·མུའུ་ཁོ་པེ་ལ་གུན་སྐྱོབ་དངོས་ཟོག་རྩིས་སྤྲོད་གནང་བ་མ་ཟད་མཉམ་དུ་དར་ཆ་གཡུག་གཡུག་བྱས་ནས་རླངས་འཁོར་གཏོང་འགོ་ཚུགས་པ་རེད། ཉིན་དེར་ལྗིད་ཐེག་རླངས་འཁོར་8ནང་ཀྲུང་གོ་ཕྱོགས་ཀྱི་གཅེས་སེམས་མཚོན་པའི་དངོས་ཟོག་བླུགས་ཏེ་ཁེན་ནི་ཡའི་གནོད་འཚེ་ཕོག་ཁུལ་དུ་བཏང་བ་རེད།
          མུའུ་ཁེ་པེ་ཡིས་ཀྲུང་གོ་ཕྱོགས་ཀྱིས་འཇུངས་པ་མེད་པའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀྲུང་གོས་འཕྲལ་དུ་རོགས་རམ་གནང་བ་དེས་ཁེན་ནི་ཡ་དང་ཀྲུང་གོའི་དབར་གྱི་འབྲེལ་བར་སྔར་བས་སྐུལ་མ་ཐེབས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་འགྲོ་རྒྱུ་རེད། ཀྲུང་གོར་ཐན་འགོག་དང་གནོད་འཚེ་ཉུང་གཏོང་ཐད་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས། ཁེན་ནི་ཡས་ཀྲུང་གོའི་སྔོན་ཐོན་ལག་རྩལ་སློབ་སྦྱོང་བྱས་ནས་རང་བྱུང་གནོད་འཚེར་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།