འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མཚོ་དམག་སྲུང་སྐྱེལ་དཔུང་རུས་ཡ་ཏིང་མཚོ་ཁུག་ཏུ་མཚོ་ཇག་གིས་བཙན་ཁྲིད་
    བྱས་པའི་ཕྱི་རྒྱལ་གྱི་གྲུ་གཟིངས་ཤིག་དཀའ་ཉེན་ལས་བསྐྱབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་11ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན། ཀྲུང་གོའི་མཚོ་དམག་གི་འབྲེལ་ཡོད་སྡེ་ཚན་ནས་བཤད་དོན། ས་གནས་དེ་གའི་དུས་ཚོད་ཚེས་9ཉིན་གྱི་སྔ་དྲོར་ཀྲུང་གོའི་མཚོ་དམག་སྲུང་སྐྱེལ་དཔུང་རུས་ཡ་ཏིང་མཚོ་ཁུག་གི་ཁོངས་སུ་མཚོ་ཇག་གིས་བཙན་ཁྲིད་བྱས་པའི་རྒྱལ་ཁོངས་ཐུ་ཝ་ལུ་ནས་ཡིན་པའི་ཟོག་གྲུ་ཞིག་དཀའ་ཉེན་ལས་བསྐྱབས་ཡོད་པ་རེད།
         ས་གནས་ཀྱི་དུས་ཚོད་ཚེས་8ཉིན་གྱི་ཆུ་ཚོད་17ཙམ་ལ། ཡ་ཏིང་མཚོ་ཁུག་དང་སོ་མ་ལིའི་མཚོ་ཁོངས་སུ་གྲུ་གཟིངས་སྲུང་སྐྱེལ་གྱི་ལས་འགན་སྒྲུབ་བཞིན་པའི་དཔུང་རུ་25པར་རྒྱལ་ཁོངས་ཐུ་ཝ་ལུའི་ཟོག་གྲུ་OS35རྟགས་ཅན་ཡ་ཏིང་མཚོ་ཁུག་གི་སོ་ཁོའོ་ཐེ་ལ་གླིང་ཕྲན་གྱི་ནུབ་བྱང་མཚོ་ཁོངས་སུ་མཚོ་ཇག་གིས་བཙན་འཁྲིད་བྱས་པ་དང་། ཇག་པ་མང་ཉུང་ག་ཚོད་ཡོད་པ་མི་ཤེས་པ། མཚོ་ཇག་གི་གྲུ་ཆུང་ཞིག་ཟོག་གྲུར་བཅར་ནས་ཡོད་ཚུལ་དབྱིན་ཇིའི་མཚོ་ཐོག་ཉོ་ཚོང་རྩ་འཛུགས་ཀྱི་བརྡ་ཁྱབ་ཅིག་འབྱོར་འཕྲལ་ཀྲུང་གོའི་མཚོ་དམག་སྲུང་སྐྱེལ་དཔུང་རུ་གཡུས་ལིན་གྲུ་གཟིངས་འཕྲལ་མར་དེ་ཕྱོགས་སུ་བསྐྱོད་པ་རེད།
         ས་གནས་དེ་གའི་དུས་ཚོད་ཚེས་8ཉིན་གྱི་མཚན་གུང་མཚམས་སུ་གཡུས་ལིན་གྲུ་གཟིངས་དེ་ཟོག་གྲུ་བཙན་ཁྲིད་བྱ་ཡུལ་མཚོ་ཁོངས་སུ་སླེབས་འཕྲལ་གྲུ་གཟིངས་ཀྱིས་སྐོར་བ་རྒྱག་པ་དང་གྲུའི་ཐོག་གི་ཐད་འཕུར་གནམ་གྲུས་ལྡིང་སྐོར་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་པ་མ་ཟད། ཆེས་གསལ་རྒྱང་ཤེལ་དང་དམར་ཕྱིའི་འོད་ཀྱི་སྒྲིག་ཆས་སོགས་ཀྱི་ལྟ་ཞིབ་ཐབས་ལམ་ལ་བརྟེན་ནས་གནས་ཚུལ་གསལ་རྟོགས་བྱས་པ་དང་འབྲེལ་གྲུ་ཐོག་གི་གྲུ་པར་འབྲེལ་བ་བྱེད་སྐབས་གྲུ་པ་ཚང་མ་བདེ་འཇགས་གྲུ་ཚང་ནང་བསྡད་ཡོད་པ་ཤེས་ནའང་གྲུ་ཐོག་གི་མཚོ་ཇག་གི་གནས་ཚུལ་དེ་ཙམ་གསལ་པོ་ཤེས་ཀྱི་མེད།
         དེ་ནས་ས་གནས་དེ་གའི་དུས་ཚོད་ཚེས་9ཉིན་གྱི་ཐོ་རེངས་ཙམ་ལ། གཡུས་ལིན་གྲུ་གཟིངས་ཀྱིས་རོགས་སྐྱོབ་བྱ་སྤྱོད་སྤེལ་བ་དང་། རང་རྒྱལ་གྱི་མཚོ་དམག་གྲུ་གཟིངས་ཐོག་གི་གནམ་གྲུས་མཁའ་ཐོག་ནས་སྲུང་སྐྱོབ་བྱེད་པར་བརྟེན་ཏེ་དམིགས་བསལ་དམག་འཐབ་རུ་མི་16གྲུ་ཆུང་ལ་ཞུགས་ནས་ཟོག་གྲུ་OS35རྟགས་ཅན་ཐོག་འཛེགས་ཏེ་གྲུ་པ་བཅུ་དགུ་བདེ་འཇགས་གྲུ་ཚང་ནས་བསྐྱབས་པ་རེད།
         ད་ཆ་གྲུ་པ་19དེ་དག་ཀྲུང་གོའི་མཚོ་དམག་གི་སྲུབ་སྐྱོབ་འོག་གནས་པ་དང་། རང་རྒྱལ་གྱི་དམིགས་བསལ་དམག་འཐབ་རུ་མི་ཚོས་ཟོག་གྲུར་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཏེ་མཚོ་ཇག་གི་ཉེན་ཁ་བསལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།