འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཐུན་མོང་གི་ངོས་འཛིན་གྲུབ་པར་བྱས་ཏེ་ཁུལ་གསར་འཛུགས་སྐྲུན་གྱི་ཁོར་ཡུག་ཡག་པོ་
    བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་11ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ཞུང་ཨན་ཁུལ་གསར་འཆར་འགོད་དང་འཛུགས་སྐྲུན་བྱེད་པ་དེས་གོ་སྐབས་རྩ་ཆེན་བྱུང་བ་མ་ཟད། འགྲན་སློང་ཆེ་ཤོས་ལྡན་པའི་ལོ་རྒྱུས་ཀྱི་ཉམས་སད་ཆེན་པོའང་འཕྲད་ཡོད། ངེས་པར་དུ་སྔར་བས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་གིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་རྒྱུ་དེ་ཁུལ་གསར་འཆར་འགོད་དང་འཛུགས་སྐྲུན་གྱི་ལས་དོན་ཁག་ནང་མཚོན་པར་བྱས་ནས་ལས་འགན་སྒྲུབ་སེམས་དང་། འགན་འཁྲི། འཁུར་སེམས་བཅས་སྔར་བས་ཆེ་རུ་སོང་ཡོད”ཟླ་4ཚེས་8ཉིན་ཧོ་པེ་ཞིང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ་ཀྲུང་དབྱང་གི་མཛུབ་སྟོན་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཞུང་ཨན་ཁུལ་གསར་འཆར་འགོད་དང་འཛུགས་སྐྲུན་གྱི་ལས་དོན་འགོ་ཡག་པོ་འཛུགས་རྒྱུར་སྐུལ་མ་བཏང་བ་རེད།
         ཞུང་ཨན་ཁུལ་གསར་དེ་གཙོ་བོར་ཧོ་པེ་ཞིང་ཆེན་ཞུང་རྫོང་དང་། རོང་ཁྲེང་། ཨན་ཤིན་བཅས་རྫོང་3དང་དེ་བཞིན་ཉེ་འཁོར་ས་ཆ་ཁག་གཅིག་དང་འབྲེལ་ཁར་པེ་ཅིང་དང་། ཐེན་ཅིན། པའོ་ཏིང་གསུམ་གྱི་མཐིལ་དུ་གནས་པས་ས་ཁོངས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད། ཁུལ་གསར་འཛུགས་པའི་གནས་ཚུལ་ཁྱབ་མ་ཐག་ཡུལ་དེ་གའི་ལས་བྱེད་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།
         ཁུལ་གསར་གྱིས་གསོན་ཤུགས་གསར་པ་མངོན་པར་བྱས་ཤིང་། ཞུང་རྫོང་གི་རྫོང་ཨུད་ཧྲུའུ་ཅི་དབན་ཧྲུའུ་ཅུན་གྱིས་ཞུང་ཨན་ཁུལ་གསར་འཆར་འགོད་དང་འཛུགས་སྐྲུན་བྱེད་པ་ནི་ས་ཁོངས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་དོན་ཆེན་དང་། དོན་བཟང་། སྐལ་པ་བཟང་པོ་བཅས་ཡིན་པས་ཁུལ་གསར་བསྐྲུན་རྒྱུའི་སྤྱི་ཡོངས་ལ་མཐའ་གཅིག་ཏུ་བརྩི་བཀུར་བྱས་ནས་མིག་མངས་འགྲིག་སྐོར་གཅིག་མཐའ་འཁྱོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་མཐའ་དག་བཀོད་འདོམས་ལ་ཉན་ནས་ལས་དོན་ཧུར་ཐག་བསྒྲུབ་རྒྱུ་ཡིན། མང་ཚོགས་ལས་དོན་གྱིས་སྤྱི་ཡོངས་ལ་སྤྱི་འདོམས་བྱས་ཏེ་རྫོང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱིས་རམ་འདེགས། རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་དང་ལས་ཀའི་རྣམ་པ་འཛུགས་སྐྱོང་དང་། ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་མཐའ་འཁྱོངས་བྱས་ཏེ་རིམ་པ་བཞིན་སྒྲུབ་པ་དང་། སྐབས་རེ་རེ་བཞིན་མཐུད་དེ་སྒྲུབ་པ། མི་རབས་རེ་རེ་བཞིན་མཐུད་དེ་སྒྲུབ་པ་བཅས་ཀྱི་སྒོ་ནས་རྒྱལ་ཁ་མི་གཅིག་ལ་རག་མི་ལས་པར་བློ་ཐག་ཆོད་པོས་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་དང་། དགོངས་དོན་གྱི་འདུ་ཤེས་དང་ལས་འགན་འཁུར་ཕོད་པའི་སེམས་པ་སྔར་བས་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་ལྟ་ཚུལ་བརྟན་པོ་ཆགས་པར་བྱེད་པ་དང་། མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་ཁུལ་གསར་འཛུགས་སྐྲུན་བྱེད་པའི་མང་ཚོགས་ཀྱི་བྱེད་པོ་གཙོ་བོའི་ནུས་པ་འདོན་རྒྱུ། ས་ཁང་ཁྲོམ་ར་ཚད་ལྡན་དོ་དམ་བྱ་བར་ཤུགས་སྣོན་ཆེས་ཆེར་རྒྱག་པ་དང་། ད་ཡོད་ཀྱི་འཕེལ་རྒྱས་གཏོང་གཞིའི་གནས་སྟངས་ལ་འགྱུར་བ་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་ཕྱོགས་བསྡུས་ངང་བཅོས་སྐྱོང་བྱེད་པའི་ཐོག་ནས་ས་ཁོངས་ཀྱི་སྤྱི་ཚོགས་སྒྲིག་ལམ་བརྟན་པོ་ཡོང་བར་བྱེད་པ་དང་། ཁུལ་གསར་འཛུགས་སྐྲུན་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད།
         “ཞུང་ཨན་ཁུལ་གསར་བཙུགས་རྗེས་གཞི་རིམ་གྱི་ལས་བྱེད་པ་ཡིན་པའི་ངོས་ནས་སློབ་སྦྱོང་ནན་ཏན་དང་ལས་ཀ་ཏན་ཏིག་བསྒྲུབ་རྒྱུ་ནི་སྔོན་ལ་སྒྲུབ་དགོས་པའི་བྱ་བ་ཡིན། ཁུལ་གསར་འཛུགས་སྐྲུན་གྱི་ལས་ཀའི་ཁྲོད་ལས་ཀ་སྔར་བས་ཧུར་ཐག་བསྒྲུབ་པ་དང་ཕྱོགས་ཡོངས་ནས་ལས་འགན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཞུང་ཨན་ཁུལ་གསར་གྱི་ལས་དོན་ཁག་སྤེལ་རྒྱུར་འགན་ལེན་བརྟན་པོ་ཞིག་ཡོང་བ་བྱ་རྒྱུ་ཡིན”ཞེས་རོང་ཁྲེང་རྫོང་རོང་ཁྲེང་གྲོང་རྡལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་གོ་ཧུད་ཀྱིས་བཤད།
         “ལྟ་ན་སྡུག་པའི་ཁོར་ཡུག་ནི་ས་གནས་ཀྱི་ངོ་གདོང་ལྟ་བུ་ཡིན། རོང་ཁྲེང་རྫོང་གིས་ཁུལ་གསར་འཆར་འགོད་དང་པའེ་དབྱང་ཏེན་གྱི་སྣོད་བཅུད་འཆར་འགོད་བྱ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ནས་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་མཉམ་ལས་སྦྲེལ་མཐུད་ཡག་པོ་གང་ལེགས་བྱས་ནས་སྤྱི་པའི་ཞབས་ཞུའི་སྲིད་ཇུས་སྦྲེལ་མཐུད་དོན་འཁྱོལ་དང་སྤྱི་པའི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་འཛུགས་སྐྲུན་ཡག་པོ་སོགས་བྱ་རྒྱུ་ཡིན”ཞེས་རོང་ཁྲེང་རྫོང་འཕེལ་རྒྱས་སྒྱུར་བཅོས་ཅུས་ཀྱི་ཅུས་ཀྲང་ཡང་རུང་ཅུན་གྱིས་དེ་ལྟར་བཤད།
         ཁུལ་གསར་ལ་གོ་སྐབས་གསར་པ་མང་པོ་ཡོད། ཞུང་ཨན་ཁུལ་གསར་གྱི་འཆར་འགོད་ནང་གནས་པའི་པའེ་དབྱང་ཏེན་ནི་ཧྭ་བྱང་ས་ཁུལ་གྱི་ཚྭ་མེད་མཚེའུ་ཆེ་ཤོས་དེ་ཡིན་པ་དང་ཁུལ་གསར་གྱི་སྣོད་བཅུད་ཁོར་ཡུག་མཛེས་སུ་གཏོང་རྒྱུར་འགན་འཁྲི་ཆེན་པོ་ཡོད། ཨན་ཤིན་རྫོང་པའེ་དབྱང་ཏེན་འདམ་ར་སྲུང་སྐྱོང་དོ་དམ་ཁྲུའི་ཀྲུའུ་རེན་ལིའུ་ཏུང་ཁྲེང་གིས“ཏང་ཀྲུང་དབྱང་གིས་སྣོད་བཅུད་ཁོར་ཡུག་ལ་མཐོང་ཆེན་བྱས་ཏེ་ཧོ་པེ་ཞུང་ཨན་ཁུལ་གསར་བཙུགས་ནས་པའེ་དབྱང་ཏེན་གྱི་སྣོད་བཅུད་ཁོར་ཡུག་དང་འདམ་ར་སྲུང་སྐྱོང་བྱ་རྒྱུར་ཐོབ་པར་དཀའ་བའི་གོ་སྐབས་འཕྲད་ཡོད། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བྱས་ནས་པའེ་དབྱང་ཏེན་འདམ་ར་སྲུང་སྐྱོང་དོ་དམ་ཁྲུས་སྐོར་སྐྱོད་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་ཁྲིམས་འགལ་ངང་བྱ་རྔོན་པ་དང་ཉ་འཛིན་པ་དང་དེ་བཞིན་ཆུའི་སྐྱེ་དངོས་གཏོར་བཤིག་གཏོང་བ་སོགས་ཀྱི་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་པའེ་དབྱང་ཏེན་གྱི་སྣོད་བཅུད་ཁོར་ཡུག་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ་ཁུལ་གསར་འཛུགས་སྐྲུན་བྱ་རྒྱུར་སྣོད་བཅུད་ཀྱི་འགན་ལེན་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།
         “ཞུང་ཨན་ཁུལ་གསར་གྱིས་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་བཏོད་དེ་སྔོ་ལྗང་ལྡན་པ་དང་ཁམས་གཙང་དྭངས་གསལ། ཆུ་དང་གྲོང་ཁྱེར་མཉམ་གནས་ཀྱི་སྣོད་བཅུད་བཟང་བའི་གྲོང་ཁྱེར་ཞིག་སྐྲུན་དགོས”ཞེས་ཨན་ཤིན་རྫོང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཅུས་ཀྲང་ཀོན་ཀྲི་ཧྲན་གྱིས་དེ་ལྟར་བཤད་ཅིང་། ཁོང་གིས“ཁོར་ཡུག་སྲུང་སྐྱོང་སྡེ་ཚན་ཡིན་པའི་ངོས་ནས་ང་ཚོས་འཕེལ་རྒྱས་གསར་པའི་ལྟ་ཚུལ་དང་ལེན་ཧུར་ཐག་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་སྔོན་དུ་གཙོ་བོར་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་ལ་དམ་འཛིན་བྱེད་པ། ཆུའི་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བཙོག་ཆུ་དང་གད་སྙིགས་གཙང་སེལ་དང་གཅིག་སྡུད་དྲོད་རླངས་མཁོ་འདོན་སྒྲིག་བཀོད་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། སྦགས་བཙོག་སྔོན་འགོག་སྤྱི་འདོམས་བྱེད་པ། ཁོར་ཡུག་དོ་དམ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཡོངས་སྐུལ་སློང་བྱས་ཏེ་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་ཡིན”ཞེས་བཤད།
         “ཁུལ་གསར་གྱི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་སོང་ནས་འབྱུང་འགྱུར་ཕ་ཡུལ་གྱི་གནམ་སྔར་བས་སྔོ་བ་དང་ཆུ་སྔར་བས་དྭངས་པ། འཚོ་བ་སྔར་བས་སྐྱིད་པ་ཡོང་བའི་ཡིད་ཆེས་ཡོད”ཅེས་ཨན་ཤིན་རྫོང་ཏུང་ཏེན་ཐོའུ་གྲོང་ཚོའི་ཡུལ་མི་ཐེན་ཡུང་ཆང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།