འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་སྲིད་གཞུང་ལ་བུ་ལོན་ཟུག་ཚད་36.7%ཟིན་པ་དེ་སྤྱིར་ཉེན་ཁ་ཚོད་འཛིན་ཐུབ་
    པ་དང་ཀྲུང་གོའི་དམག་གྲོན་ཐད་ཁ་གསལ་མེད་པའི་གནད་དོན་མེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་12ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ནོར་སྲིད་པུའི་པུའུ་ཀྲང་ཤའོ་ཅེས་2016ལོའི་ལོ་མཇུག་བར་ཀྲུང་གོའི་ཀྲུང་དབྱང་དང་ས་གནས་སྲིད་གཞུང་གི་བུན་འཇལ་ལྷག་གྲངས་ཧ་ལམ་སྒོར་དུང་ཕྱུར་ཁྲི་27.33ཟིན་པ་དེ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་མི་རིང་བར་ཁྱབ་བསྒྲགས་བྱས་པའི་ན་ནིང་གི་GDPཐོག་མའི་ཞིབ་རྩིས་གྲངས་འབོར་ལྟར་ན་བུ་ལོན་ཟུག་ཚད་ཧ་ལམ་36.7%ཟིན་གྱི་ཡོད་ཅེས་བརྗོད།
          “ད་ཆ་རང་རྒྱལ་སྲིད་གཞུང་གི་བུན་འཇལ་ཉེན་ཁ་སྤྱིར་ཚོད་འཛིན་ཐུབ་པ་ཞིག་ཡིན”ཞེས་ཤའོ་ཅེས་ཉིན་དེའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གསར་འགོད་པའི་ཚོགས་འདུའི་ཐོག་གསུངས་ཤིང་། ཁོང་གིས་ཀྲུང་གོ་སྲིད་གཞུང་ལ་བུ་ལོན་ཟུག་ཚད་དེ་ཙམ་མཐོན་པོ་མིན། སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་བུ་ལོན་ཟུག་ཚད་ལ་འགྱུར་ལྡོག་ཆེན་པོ་མེད། རྒྱལ་སྤྱིའི་ཆུ་ཚད་དང་བསྡུར་ཚེ་ཀྲུང་གོ་སྲིད་གཞུང་གིས་བུ་ལོན་གཡར་གཞི་ངེས་ཅན་ལྡན་ཡོད་ཅེས་བརྗོད།
         “དེ་ལས་གལ་འགངས་ཆེ་བ་ནི་ཀྲུང་གོའི་དཔལ་འབྱོར་ཡུན་རིང་བཟང་པོར་ཕྱོགས་པའི་སྤྱིའི་རྣམ་པར་འགྱུར་བ་བྱུང་མེད་པ་དེ་རེད། དེར་བརྟེན་ཀྲུང་གོའི་དཔལ་འབྱོར་ཇི་ཙམ་འཕེལ་རྒྱས་སོང་བ་དེ་ཙམ་ནོར་སྲིད་ཀྱི་ཡོང་སྒོའང་མང་དུ་འགྲོ་རྒྱུ་ཡིན་པ་ངར་ཡིད་ཆེས་ཡོད། དེ་ནི་བུ་ལོན་འཇལ་བའི་བརྟེན་ས་དམ་པ་ཡིན”ཞེས་ཤའོ་ཅེས་བརྗོད།
          ཡིན་ནའང་། ཤའོ་ཅེས་ཉེ་བའི་ལོ་ཤས་རིང་ས་གནས་སྲིད་གཞུང་ཁག་གཅིག་ལ་ཁྲིམས་འགལ་སྒྲིག་འགལ་ངང་བུ་ལོན་གཡར་བའི་ཁག་ཐེག་གི་གནད་དོན་ཆེ་ཆུང་མ་གཏོགས་པར་གནས་པ་དང་ས་ཁུལ་རེ་ཟུང་གི་བུ་ལོན་འཇལ་ནུས་ད་དུང་ཆུང་དུ་ཕྱིན་ཡོད་ཅེས་བརྗོད།
         ཁོང་གིས་ས་གནས་སྲིད་གཞུང་གི་བུན་འཇལ་ཉེན་ཁར་དོགས་ཟོན་བྱ་ཆེད། ནོར་སྲིད་པུས་མཐོང་ཆེན་པོ་བྱས་ནས་ཉེན་ཁའི་འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་དང་རིགས་དབྱེའི་ཐག་གཅོད་ཀྱི་ཕྱོགས་སྟོན་སོགས་ཀྱི་ལམ་ལུགས་རབ་དང་རིམ་པ་བཟོས་ཡོད། ཁྲིམས་འགལ་སྒྲིག་འགལ་གྱི་བུན་འཇལ་ཁག་ཐེག་གི་བྱེད་སྤྱོད་སྔོན་འགོག་བྱ་ཆེད། ནོར་སྲིད་པུས“མདུན་སྒོ་ཕྱེ་བ”དང“རྒྱབ་སྒོ་རྒྱག་པའི”ཐེར་འདོན་བྱེད་སྟངས་མཐའ་འཁྱོངས་བྱས་ནས་དོ་དམ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད་ཅེས་བརྗོད།
         ཤའོ་ཅེས་འདི་ལོའི་སྔོན་རྩིས་སྙན་ཞུའི་འཆར་ཟིན་ཐད་སྔོན་རྩིས་སྙན་ཞུ་དང་སྔོན་རྩིས་འཆར་ཟིན་སྦྲེལ་མཐུད་ཡོང་བར་བསམས་ནས་སྔོན་རྩིས་སྙན་ཞུའི་ནང་རྒྱལ་ཡོངས་ཀྱི་ནོར་སྲིད་གཏོང་ཡོང་གི་རྩིས་ཁྲ་ཁྱབ་བསྒྲགས་བྱས་པ་དང་། དཔེར་ན་དམག་གྲོན་དང་ཕྱི་འབྲེལ་སོགས་ཀྱི་གཏོང་སྒོའི་རྣམ་གྲངས་ཞིབ་ཕྲ་སྔོན་རྩིས་འཆར་ཟིན་ནང་བསྟན་ཡོད་པས་སྔོན་རྩིས་སྙན་ཞུའི་ནང་རེ་རེ་བཞིན་ཡང་བསྐྱར་འཁོད་མེད་ཅེས་གསུངས།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།