འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།དཀར་མཛེས་ཀྱི་སེར་ཤུལ་དུ་ཚོགས་པ་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་ལམ་བུ་བཤངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་13ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། “མཉམ་ལས་ཁང་མ་བཙུགས་གོང་འབྲོག་པའི་འབྲིའི་འོ་མ་དང་མར་སོགས་འབྲོག་ལས་ཐོན་ཟོག་ནི་དགའ་ཉེ་གྲོགས་པོ་བརྒྱུད་ནས་རྫོང་དུ་ཉོ་མཁན་ངོ་སྤྲོད་བྱེད་ཀྱི་ཡོད་ལ་ཉོ་མཁན་མ་རྙེད་ན་སོ་སོས་སྤྱོད་ཀྱི་ཡོད”འོན་ཀྱང“ང་ཚོས་འཕེལ་རྒྱས་ཆེ་སའི་ཉམས་མྱོང་དཔྱད་གཞིར་བཟུང་ནས་མཉམ་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚུལ་ཡིད་ལ་འཁོར་བྱུང”ཞེས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་སེར་ཤུལ་རྫོང་སྟག་ལུང་འབྲོག་ལས་འཕེལ་རྒྱས་ཆེད་ལས་མཉམ་ལས་ཁང་འཛུགས་མཁན་སེར་ཤུལ་རྫོང་གི་རྫོང་དཔོན་བློ་ལྷུན་གྱིས་བཤད།
           2014ལོར་རྒྱུན་ལས་རྫོང་དཔོན་གཞོན་པའི་འགན་ཁུར་བའི་བློ་ལྷུན་དང་གྲོང་རྡལ་ཏང་ཨུད་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་གྲོས་མོལ་བྱས་ནས་མཉམ་ལས་ཅན་དང་། ཁྲོམ་ར་ཅན། གཞི་ཁྱོན་ཅན་བཅས་ཀྱི་སྒོ་ནས་སེར་ཤུལ་གྲོང་རྡལ་གྱི་འབྲོག་ལས་ཐོན་ལས་གཉེར་སྐྱོང་གི་ཐབས་ལམ་བཏོན་པ་རེད། ཕྱོགས་མང་པོར་བརྟེན་ནས་རྣམ་གྲངས་ཀྱི་མ་དངུལ་བརྩོན་ལེན་བྱས་པ་དང་། གཞི་ཁྱོན་ཆེ་བའི་འབྲོག་པ་དུད་ཚང་16ལ་ཁྲིད་སྟོན་བྱས་ཏེ་སེར་ཤུལ་གྲོང་རྡལ་སྟག་ལུང་འབྲོག་ལས་འཕེལ་རྒྱས་ཆེད་ལས་མཉམ་ལས་ཁང་བཙུགས་པ་མ་ཟད། ལོ་3ཙམ་རིང་འཕེལ་རྒྱས་བཏང་ནས་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་ཟོག་བཟོ་བ་དང་། དྲོད་ཁང་ལྷས་རར་སྔོ་ཚལ་འདེབས་པ། སོ་ཕག་བཟོ་གྲྭ། ཡུལ་སྐོར་ཐོན་ཟོག་ཁྱབ་གདལ་སོགས་ཐོན་ཟོག་ལས་ཡུལ་མང་པོ་སྔ་རྗེས་སུ་ཇེ་མང་དུ་བཏང་ཞིང་། མཉམ་ལས་ཁང་གི་ཁེ་སྤོགས་ཀྱང་ཐོག་མའི་སྒོར་ཁྲི་བཅུ་ལྷག་ནས་ཇེ་མང་དུ་གྱུར་ཏེ་2015ལོར་མཉམ་ལས་ཁང་དུ་ཁེ་སྤོགས་སྒོར་ཁྲི་87རག་པ་དང་། 2016ལོར་སྒོར་ཁྲི་253ལྷག་བྱུང་ཡོད་པ་རེད།
           ཟླ་1ཚེས་13ཉིན་མཉམ་ལས་ཁང་གི་ལོ་མཇུག་ཁེ་སྤོགས་བགོ་འགྲེམ་བྱེད་པའི་ཉིན་དེར་ས་བབ་སྨི་4500ལྷག་ཟིན་པའི་སེར་ཤུལ་གྲོང་རྡལ་དར་དམར་གྲོང་ཚོ་དང་པོའི་གང་སར་དགའ་སྤྲོའི་རྣམ་པས་ཁེངས་པ་དང་། མང་ཚོགས་རྣམས་སྔ་པོ་ནས་གྲོང་མིའི་བྱེད་སྒོའི་ལྟེ་གནས་ཀྱི་སྒོ་རར་འདུས་ནས་ཁ་བརྡ་གློད་ཀྱི་ཡོད། བྱེད་སྒོ་ཁང་གི་སྒྲོག་ཙེའི་ཐོག་བགོ་འགྲེམ་དངུལ་སྒོར་ཁྲི་253ལྷག་སྤུངས་ཡོད་པ་དང་། གྲོང་ཚོའི་ལས་བྱེད་པས་མཉམ་ལས་ཁང་གི་ཁེ་སྤོགས་རྩི་བཞིན་དུད་ཁྱིམ་རེའི་ཡོང་འབབ་གནས་ཚུལ་ཞིབ་བཤེར་བྱེད་ཀྱི་ཡོད་པ་རེད།
            ཁེ་སྤོགས་བགོ་འགྲེམ་རྒྱག་ཡུལ་དུ་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བའི་ནང་ཞུགས་མཁན་མང་ཚོགས་ན་ནིང་གི་མི་137ལས་ལྡབ་གཅིག་ཙམ་མང་དུ་སོང་ནས་མི་263ཟིན་ཡོད། མཉམ་ལས་ཁང་དུ་ཞུགས་པའི་ཚོགས་མི་ཡང་དེ་སྔའི་དར་དམར་གྲོང་ཚོ་དང་པོའི་གྲོང་མི་ནས་གྲོང་རྡལ་ཡོངས་དང་ཉེ་འཁོར་ཤང་དང་གྲོང་རྡལ་བར་རྒྱ་བསྐྱེད་ཅིང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་70ཟིན་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ངལ་ནུས་ཡོང་འབབ་ཁོ་ནར་སྒོར་ཁྲི་31ཟིན་ཡོད། འབྲོག་པ་དཀོན་མཆོག་གིས“མཉམ་ལས་ཁང་མ་བཙུགས་གོང་ང་ཚོའི་ཡོང་འབབ་ཧ་ལམ་དབྱར་རྩྭ་དགུན་འབུར་བརྟེན་གྱི་ཡོད་པ་དང་། མཉམ་ལས་ཁང་ཚུགས་རྗེས་འཚོ་བ་ཇེ་ཡག་ནས་ཇེ་ཡག་ཏུ་གྱུར”ཞེས་བཤད།
           “འདི་ལྟ་བུའི་འཚོ་བ་ནི་ལོ་3གྱི་གོང་དུ་རྩ་བ་ནས་ཡིད་ལ་འཁོར་མྱོང་མེད”ཅེས་མཉམ་ལས་ཁང་དུ་ཐང་ག་འབྲི་མཁན་དབང་འདུས་ཀྱིས་དགའ་ཚོར་ངང་བཤད། ཁོ་པ་ནི་མ་གཞིར་གྲོང་རྡལ་གྱི་དཀའ་ངལ་ཆེ་ཤོས་ཀྱི་དུད་ཚང་ནས་ཡིན་པ་དང་། སྤྱིར་ན་ཐང་ག་འབྲི་ཤེས་ཀྱང་འཚོང་ལམ་མེད་པ་རེད། མཉམ་ལས་ཁང་དུ་ཞུགས་རྗེས་ཁོ་པས་བྲིས་པའི་ཐང་གར་ཚོང་ལམ་བྱུང་བ་མ་ཟད། ད་དུང་དབང་འདུས་དགེ་རྒན་དུ་བསྐོས་ནས་ལག་ཤེས་བཟོ་རྩལ་ལས་སྣོན་ཐད་ཀྱི་ཤེས་ལྡན་པ་སྐྱེད་སྲིང་བྱས་ཤིང་། 2016ལོར་དབང་འདུས་ཀྱི་ཁྱིམ་ལ་ཁེ་སྤོགས་སྒོར་ཁྲི་11ལྷག་རག་ཡོད་པ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།