འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྲུ་གུའི་འབྱུང་འགྱུར་ལ་བསམས་ནས་གཅེས་སྐྱོང་བྱེད་དགོས།

    ལི་ཙེན་ཝེས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་13ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཕོ་ལན་གྱི་ཁྲོམ་གཞུང་དུ་གཞན་གྱིས་སྣང་འཇོག་ཡོང་བ་བྱེད་བསམས་ན། ཡིན་གཅིག་གྱོན་ཆས་དར་སོ་ཆེ་བ་གྱོན་མི་དགོས་པར་ཕྲུ་གུ་ཁྲིད་དེ་ཕྱིན་པས་ཆོག གང་ལགས་ཤེ་ན། ཕྲུ་གུ་དམར་འབྱར་པང་དུ་བཏབ་པའམ་ཡང་ན་ཕྲུ་གུ་འཁོར་སྒྲོམ་ནང་བླུགས་ནས་རྒྱ་ལམ་སྒྲོལ་བའི་སྐབས། ཁ་ལོ་བས་རྒྱང་ནས་རླངས་འཁོར་བཀག་སྟེ་ཁོང་ཚོ་སྔོན་ལ་འགྲོ་རྒྱུར་བསྒུགས་པ་མ་ཟད། ཚོང་ར་དང་། མགྲོན་ཁང་། རླངས་འཁོར་བབས་ཚུགས་སོགས་མི་ཚོགས་སྟུག་སར་ཕར་འགྲོ་ཚུར་འོང་བྱེད་པའམ་ཡང་ན་གློག་སྐས་འཛེགས་སྐབས་སུའང་ཕྲུ་གུ་ཁྲིད་ན་སྔོན་ལ་གཏོང་བས་ཡིན།
          ཕོ་ལན་གྱི་ཁང་གླ་ཧ་ཅང་མཐོ་བའི་གྲོང་ཁྱེར་གྱི་ཚོང་རྒྱག་ཁུལ་ལམ་ཡང་ན་གྲོང་གསེབ་ཀྱི་གྲོང་སྡེ་ཆུང་ངུར་གསང་སྤྱོད་ཡོད་ས་ཚང་མར་མ་བུ་ཁང་ཡོད། ས་རྒྱ་ཆུང་རུང་དམར་འབྱར་བསྒྲིལ་ས་དང་། དྲོད་ཆུའི་ཁྲུས་གཞོང་། བྱིས་པའི་རྩེད་ཆས། རླབས་ཕྲན་ཚ་ཐབ་སོགས་ཚང་མ་ཡོད་ལ། རླངས་འཁོར་འཇོག་ས་རྒྱ་ཆེ་ཆུང་གང་རུང་ཚང་མར་དོན་ས་དང་ཐག་ཉེ་སར་ཕྲུ་གུ་དམར་འབྱར་བླུགས་པའི་རླངས་འཁོར་འཇོག་སའང་ཡོད།
          ཞབས་ཞུ་ཚགས་ཚུད་དང་སྒྲིག་ཆས་ཆ་ལག་ཚང་བས། ཕྲུ་གུ་དམར་འབྱར་ཕྱིར་འཁྲིད་རྒྱུར་སྟབས་ཧ་ཅང་བདེ་པོ་ཡོད་སྟབས། ཕོ་ལན་གྱི་གང་སར་ཕ་མས་ཕྲུ་གུ་སྐྱོར་ཁྲིད་བྱེད་པ་མང་པོ་མཐོང་རྒྱུ་ཡོད། ན་གཞོན་ཕ་མས་ཚེ་སྲོག་གསར་པ་ཞིག་བྱུང་བ་ཁུར་པོར་བརྩིས་ནས་ཁྱིམ་དུ་འཚངས་ཏེ་མི་སྡོད་པར“གཅེས་ཕྲུག”ཁྲིད་དེ་ཅ་དངོས་ཉོ་བ་དང་། མཉམ་འཛོམ་དུ་ཆས་པ། ཡུལ་སྐོར་དུ་འགྲོ་བ། གླིང་ཁར་སྐྱོད་པ་སོགས་ཁྱིམ་གྱི་སྐྱིད་སྣང་ཞིག་ངང་གིས་འདྲེན་བྱེད་ལམ་དུ་མཐོང་རྒྱུ་ཡོད་པ་ནི་ཕོ་ལན་གྱི“མཛེས་ལྗོངས”ཤིག་ཏུ་གྱུར།
          ཕྲུ་གུར་གཅེས་པོ་དང་གཙིགས་ཆེན་བྱེད་པའི་ཐད། རྨང་གཞིའི་སྒྲིག་བཀོད་དང་ཕན་བདེའི་ཁ་གསབ་ནི་བྱ་བའི་འགོ་ཙམ་ཡིན་ཞིང་། སློབ་གསོ་ཡག་པོ་ཐེབས་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ནི་གཙོ་བོར་ཡིན་པར་བརྟེན་ཕོ་ལན་གྱིས་སློབ་ཡོན་རྩ་ཆག་གི་ལོ་དགུའི་འོས་འགན་སློབ་གསོ་སྤེལ་བ་ཕུད། སྒེར་བཙུགས་ཀྱི་སློབ་གྲྭའང་མཉམ་དུ་འཕེལ་རྒྱས་བཏང་བས་སློབ་གསོའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁར་སློབ་ཡོན་ཡང་ཧ་ཅང་ཁེ་བས་ཁྱིམ་བདག་གིས་ཕྲུ་གུར་འཚམ་པའི་སློབ་གྲྭ་གང་འདེམས་འདེམས་ཡོད་སྟབས་སློབ་མའི་སྐྱིད་སྡུག་དང་སློབ་ཡོན་སོགས་ལ་སེམས་ཁྲལ་བྱེད་དགོས་ཀྱི་མེད། ད་ཆ་བརྒྱ་ཆ་དགུ་བཅུ་ཡན་གྱི་ཕོ་ལན་བར་མཐོ་འབྲིང་ཡན་གྱི་སློབ་རྒྱུས་ཡོད་པ་དང་མཐོ་རིམ་སློབ་གསོ་ཁྱབ་གདལ་ཐུབ་ཚད་20%ཟིན་ཡོད།
         ད་ཆ་ཕོ་ལན་ལ་སློབ་གྲྭ་ཆེན་མོ་443ཡོད་པའི་ནང་། གཞུང་བཙུགས་སློབ་ཆེན་133དང་སྒེར་བཙུགས་སློབ་ཆེན་309ཡོད་པས་ཆ་སྙོམས་མི་ཁྲི་བརྒྱད་ལ་སློབ་ཆེན་རེ་ཡོད་པ་རེད། ཕོ་ལན“པོ་ལུའོ་ཉི་ཡའི་འཕེལ་རིམ་གྱི”ཁོངས་མི་ཞིག་ཡིན་ལ། ཡོ་རོབ་ཀྱི་མཐོ་རིམ་སློབ་གསོ་དང་ཚན་རྩལ་གཞི་གཅིག་ཅན་ཁོངས་གཏོགས་ཀྱི་རྒྱལ་ཁབ་ཀྱང་ཡིན་པས་འཛམ་གླིང་གི་མཐོ་རིམ་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་གྱི་མིང་གྲལ་ཁྲོད་མདུན་གྱི་ཨང་བཅུ་པའི་ནང་ཚུད་ཅིང་། ཕོ་ལན་གྱི་སློབ་ཆེན་ཕལ་མོ་ཆེས་རིག་གནས་པ་དང་ཚན་རིག་མཁས་པ་མང་པོ་གསོ་སྐྱོང་བྱས་པ་དང་ལོ་རྒྱུས་ནང་ནོ་པེར་བྱ་དགའ་ཐོབ་མཁན་ཡང་བྱོན་མྱོང་ཡོད།
          ཕོ་ལན་ལ་དམག་འཁྲུག་གི་གོད་ཆགས་ཆེན་པོ་བྱུང་ནས་ལོ་123རིང་རྒྱལ་ཁབ་ཕུང་པའི་ལོ་རྒྱུས་ཡ་ང་བ་བྱུང་ཡོད། དཀའ་སྡུག་ཁྲོད་རིག་པ་སྐྱེས་ཏེ་ཕོ་ལན་བས་སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་ཞིག་ཆགས་རྒྱུར་ཡིད་ཆེས་ཀྱིས་ཁེངས། དཀའ་སྡུག་དུ་མ་མྱངས་རྗེས། ཕོ་ལན་བས་མི་རབས་རྗེས་མའི་སློབ་གསོར་མ་དངུལ་ཟམ་མི་ཆད་པར་བཏང་བ་དེ་འཛམ་གླིང་གི་མི་རིགས་མང་པོའི་ཁྲོད་སླར་ཡང་ཀྲོང་ངེར་འགྱིང་ཐུབ་པ་དང་འབྲེལ་བ་ཟབ་མོ་ལྡན། ད་ཆ་ཕོ་ལན་དེ་ཡོ་རོབ་མནའ་འབྲེལ་གྱི་དཔལ་འབྱོར་སྒྲིག་གཞི་ཆེན་པོ་དྲུག་པ་ཡིན་ལ། ཡོ་རོབ་དབུས་མ་དང་ཤར་མའི་དཔལ་འབྱོར་གྱི་སྣེ་འཁྲིད་མཁན་ཡང་ཡིན་པ་རེད། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པ་ནས་བཟུང་ཕོ་ལན་གྱི་དཔལ་འབྱོར་ལོ་རེ་བཞིན་ཆ་སྙོམས་འཕར་ཚད་4%ཟིན་ནས་ཡོ་རོབ་མནའ་འབྲེལ་གྱི་ཆ་སྙོམས་མྱུར་ཚད་ལས་ལྡབ་གཉིས་ཀྱིས་མཐོ་བ་ཡོད། ཡོ་རོབ་ཀྱི་བུན་ལོན་ཉམས་ཉེན་ཁྲོད་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཁག་གི་དཔལ་འབྱོར་ལ་ཉམས་ཆག་ཆེན་པོ་བྱུང་རུང་། ཕོ་ལན་གཅིག་པུའི་དཔལ་འབྱོར་ཡར་རྒྱས་བྱུང་ནས་འཕར་ཚད་བསྟུད་མར་འཕར་བའི་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་འབའ་ཞིག་ཏུ་གྱུར།
          ཕྲུ་གུ་ནི་རྒྱལ་ཁབ་ཀྱི་འབྱུང་འགྱུར་ཡིན་པ་དང་སློབ་གསོས་ཕྲུ་གུའི་འབྱུང་འགྱུར་ལ་ཕན་པ་ཆེན་པོ་ཐོན། ཕྲུ་གུ་སྐྱེ་རྒྱུར་ལྕག་སྐུལ་བྱེད་པ་དང་། ཕྲུ་གུ་གསོ་སྐྱོང་ལ་འགན་ལེན་བྱེད་པ། སློབ་གསོ་སྤུས་དག་ཡོང་བར་བྱེད་པ་བཅས་ཕོ་ལན་གྱི་འབད་པ་ལྷོད་མེད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། ཤེས་ལྡན་པ་ནི་རྒྱལ་ཁབ་ཀྱི་འགྲན་རྩོད་ནུས་པའི་སྙིང་པོ་ཡིན་པས། ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་གོམ་པའི་འདེགས་འཇོག་གི་མཚམས་མ་བཞག་ན། རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཤིང་རྟ་འཁོར་ལོ་རྒྱུན་མི་ཆད་པར་མདུན་དུ་སྐྱོད་པའི་སྒུལ་ཤུགས་ཤིག་ངང་གིས་བསྐྱེད་ཐུབ།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།