འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་དུ་ལོ་50ལྷག་ཙམ་ཡུལ་གྱར་བྱས་རྗེས་རྒད་པོ་ཝང་ཆིས་ཕ་ཡུལ་དུ་ལོག་རེ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་13ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། “རང་རྒྱལ་དུ་ལོག་རྒྱུ་དངངས་འཚབ་ཆེན་པོས་རེ་སྒུག་བྱེད་དོན་ནི་མི་ཚེ་འདིར་ཕ་ཡུལ་དུ་ལོག་ནས་ཨ་མའི་བང་སོའི་མདུན་དུ་སྤོས་གཅིག་སྤོར་རྒྱུ་ཡོང་བ་བྱ་རྒྱུ་དེ་ཡིན”ཞེས་བགྲང་བྱ་54རིང་རྒྱ་གར་དུ་ཡུལ་གྱར་བའི་ལོ་80ཙམ་ལ་སླེབས་པའི་ཀྲུང་གོའི་དམག་མི་རྒན་གྲས་ཝང་ཆིས་ཉེ་ཆར་སེམས་འགུལ་ཆེན་པོ་ཐེབས་པའི་ངང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་རང་ཉིད་ཀྱི་སྙིང་གཏམ་བཤད།
           ལོ་54ཡི་གོང་གི་ཝང་ཆིའི་གཏམ་རྒྱུད་གླེང་ཚེ་དེ་ནི་1963ལོའི་གནམ་ལོ་གསར་ཚེས་སྐབས་ཡིན་ཞིང་། ཀྲུང་གོའི་བཟོ་སྐྲུན་དམག་ཡིན་པའི་ཝང་ཆི་ཀྲུང་གོ་དང་རྒྱ་གར་གྱི་ས་མཚམས་ཁུལ་གྱི་ནགས་ཚལ་ཁྲོད་ལམ་ནོར་ཐེབས། ཉིན་གཉིས་སོང་རྗེས་རྒྱ་གར་གྱི་རྒྱ་གྲམ་དམར་རྟགས་ཚོགས་པའི་རོགས་སྐྱོབ་རླངས་འཁོར་གྱིས་ཁོང་འཁྲིད་པ་དང་འབྲེལ་རྒྱ་གར་གྱི་དམག་དཔུང་ཕྱོགས་ལ་རྩིས་སྤྲད་པ་དང་དམག་དཔུང་གིས་གསང་མྱུལ་གྱི་ཉེས་མིང་བཏགས་ནས་ཁོང་ལོ་7བཙོན་དུ་བཅུག་ཡོད།
         བཙོན་ཁང་ནས་དོན་རྗེས་རྒྱ་གར་ཕྱོགས་ཀྱིས་ཝང་ཆི་དབུས་མངའ་སྡེའི་ལུང་ཁུག་གི་གྲོང་གསེབ་ཅིག་ཏུ་བཀོད་སྒྲིག་བྱས། དེ་རྗེས་ཁོང་དང་ས་ཆ་དེ་གའི་བུད་མེད་གཅིག་གཉེན་སྒྲིག་བྱས་པ་དང་ཁོང་གཉིས་པོར་བུ་ཕྲུག་4ཡོད་པ་རེད། དེའི་རིང་རྒྱུན་གཏན་ལྟར་ལས་ཀ་དང་འཚོ་བ་སྐྱེལ་རྒྱུ་བྱུང་མོད། འོན་ཀྱང་ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་ལེ་དབར་སྟོང་གི་ཕྱི་རོལ་དུ་ཡོད་པའི་མེས་རྒྱལ་དང་གཉེན་ཉེ་དྲན་པ་དང་ཀྲུང་གོར་ལོག་རྒྱུའི་བསམ་ཚུལ་དོར་མྱོང་མེད། ལོ་བཅུ་ཕྲག་ཁ་ཤས་རིང་ཁོང་གིས་རྒྱ་གར་ཀྲུང་དབྱང་དང་ས་གནས་སྲིད་གཞུང་ལ་ཡི་གེ་ཁྲི་ཁ་ཤས་བསྐུར་ནས་རོགས་རམ་བྱེད་རེ་ཞུས་མོད། འོན་ཀྱང་རྒྱ་མཚོ་རྡོ་དབྱུགས་ལྟར་ཡིག་ལན་གཅིག་ཀྱང་འབྱོར་མེད།
         2012ལོར་ཝང་ཆིས་རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ལ་སྐྱབས་འཇུག་ཞུས་པ་དང་གཞུང་ཚབ་ཁང་གིས་བགྲེས་སོང་ཁོང་གི་གནས་ཚུལ་དེར་མཐོང་ཧ་ཅང་ཆེན་པོ་བྱས་ཡོད། དེས་ན་དུས་ཡུན་རིང་པོ་འདས་སྟབས་ཝང་ཆིས་ཐོབ་ཐང་དཔང་རྟགས་གང་ཡང་མཁོ་འདོན་བྱེད་ཐུབ་ཀྱི་མེད་པས་གཞུང་ཚབ་ཁང་གིས་འཕྲལ་མར་རྒྱལ་ནང་གི་འབྲེལ་ཡོད་སྡེ་ཚན་དང་གཉེན་ཉེར་ཁོང་གི་ཐོབ་ཐང་ཞིབ་བསྡུར་ངོས་འཛིན་བྱས་མཐར་2013ལོའི་ཟླ་5པར་ཁོང་ལ་ཀྲུང་གོའི་ལམ་ཡིག་རག་པ་དང་སེམས་འགུལ་ཚད་མེད་ཐེབས་ཡོད།
         བགྲེས་སོང་ཁོང་རྒྱལ་ནང་དུ་ལོག་རྒྱུར་རོགས་རམ་བྱ་ཆེད་རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཐོག་མཐའ་བར་གསུམ་དུ་རྒྱ་གར་སྲིད་གཞུང་དང་འབྲེལ་གཏུག་བྱས་ཏེ་ཝང་ཆི་རྒྱལ་མཚམས་ལས་སྒྲོལ་རྒྱུའི་ཆོག་མཆན་རེ་ཞུ་བྱས་ཡོད། རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའོ་ཀྲའོ་ཧུའེ་ཡིས་གནད་དོན་དེའི་ཐད་རྒྱ་གར་ཕྱི་འབྲེལ་པུའི་མཐོ་རིམ་དཔོན་རིགས་དང་འབྲེལ་གཏུག་བྱས་ཏེ་རྒྱ་གར་ཕྱོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་སྙིང་དོན་ལ་བརྟེན་ནས་ཝང་ཆིར་གང་མགྱོགས་རྒྱལ་མཚམས་ལས་སྒྲོལ་བའི་ཆོག་མཆན་སྤྲད་དེ་བགྲེས་སོང་ཕ་ཡུལ་དུ་ལོག་རྒྱུའི་འདུན་པ་སྐོང་དགོས་པའི་རེ་བ་བཏོན་པ་རེད།
         འདི་ཟླའི་ཚེས་4ཉིན་གཞུང་ཚབ་ཆེ་མོ་བ་ལུའོ་ཀྲའོ་ཧུའེ་ཡིས་ཝང་ཆིར་ཁ་པར་རྒྱག་སྐབས“ལོ་མང་པོ་དེ་ཙམ་རིང་ཁྱེད་གཞན་ཡུལ་དུ་ལུས་པ་དང་དཀའ་ངལ་སྣ་ཚོགས་མྱངས་ཡོད་པས་དངོས་གནས་ལས་སླ་པོ་མ་རེད། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚབ་ཞུས་ཏེ་ཁྱེད་ལ་གུས་འདུད་དང་འཚམས་འདྲི་ཞུ་རྒྱུ་ཡིན”ཞེས་བཤད་པ་དང་ཝང་ཆིས་གཞུང་ཚབ་ཆེ་མོ་བ་ལུའོ་ཀྲའོ་ཧུའེ་ཡིས་ཐུགས་ཁུར་དང་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། མེས་རྒྱལ་དང་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཐུགས་ཁུར་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ལན་བཏབ་པ་རེད།
          ལོ་ཤས་གོང་ཨ་མ་གྲོངས་སྐབས་རྒྱལ་ནང་དུ་ལོག་ཐུབ་མེད་པས་ཝང་ཆི་བློ་ཕམ་ཆེན་པོ་སྐྱེ་བཞིན་ཡོད་པ་དང་ལོ་ན་ཆེ་རུ་འགྲོ་བ་དང་སྦྲགས་རྒྱལ་ནང་དུ་ལོག་ནས་གཉེན་ཉེར་ལྟ་ཙམ་བྱེད་པར་འགྲོ་འདོད་བྱེད་པའི་འདུན་པ་ཉིན་བཞིན་ཆེ་རུ་འགྲོ་གི་ཡོད། དེས་མ་ཟད་ཁོང་གིས་རྒྱ་གར་དུ་ཡོད་པའི་བཟའ་ཟླ་བུ་ཕྲུག་ཁྲིད་དེ་ཕ་ཡུལ་དུ་ལོག་རེ་བྱེད་པ་དང་འབྲེལ་རང་ཡུལ་དུ་ཚེ་མཇུག་བདེ་ལ་རོལ་རྒྱུའི་འདུན་པ་འཆང་བཞིན་ཡོད།
          ཝང་ཆིའི་ནང་མིས་ཀྱང་ཁོང་རྒྱལ་ནང་དུ་ལོག་རྒྱུར་རྒྱབ་སྐྱོར་བྱེད་པ་དང་འབྲེལ་ཁོང་དང་མཉམ་དུ་ཀྲུང་གོར་ལོག་འདོད་བྱེད་ཀྱི་ཡོད། ཁོང་གི་བཟའ་ཟླས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ལས་དབང་གིས་ངེད་གཉིས་མཉམ་དུ་འགྲོགས་རྒྱུ་བྱུང་། སླད་ཕྱིན་ཁོང་གང་དུ་བསྐྱོད་ཀྱང་ང་མཉམ་དུ་འགྲོ་གི་ཡིན། རྒྱལ་ནང་དུ་ལོག་པའི་ལམ་བུ་དཀའ་ཚེགས་ཇི་ཙམ་ཆེ་ནའང་ངས་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད།
          ཡུན་རིང་སྒུག་མཐར་ཝང་ཆིའི་རྒྱལ་ནང་དུ་ལོག་པའི་གནས་ཚུལ་དེར་རྒྱ་གར་ཕྱོགས་ཀྱི་ལན་འབྱོར་བ་དང་འདི་ཟླའི་ཚེས་4ཉིན་རྒྱ་གར་གྱི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཝང་ཆི་རྒྱལ་ནང་དུ་ལོག་རྒྱུའི་སྐོར་ལ་རྒྱ་གར་གྱི་ནང་སྲིད་པུའུ་དང་གང་མགྱོགས་གྲོས་བསྡུར་བྱ་རྒྱུ་དང་འབྲེལ་གཅིག་གྱུར་གྱི་བསམ་འཆར་འདོན་རྒྱུ་ཡིན་ཞེས་བཤད།
          ཕ་ཡུལ་དུ་ལོག་པའི་ལམ་བུ་སྔར་བཞིན་དཀའ་ཚེགས་ཆེ་རུང་ཕྱོགས་ཁག་གི་སྐུལ་འདེད་དང་ཝང་ཆི་དང་ནང་མིའི་འདུན་པར་བརྩི་འཇོག་བྱེད་པའི་སྔོན་འགྲོའི་འོག་ཀྲུང་གོའི་དམག་མི་རྒན་གྲས་དེ་རྒྱལ་ནང་དུ་ལོག་པའི་འདུན་པ་གང་མགྱོགས་མངོན་འགྱུར་ཐུབ་པའི་ཡིད་ཆེས་ཡོད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།