འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཀྱིས་ས་ཁུལ་དང་ཐིང་རིམ་པའི་
    ལས་བྱེད་པ་21གྱོད་ཐོ་བཀོད་ནས་འདྲི་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་13ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་24ཉིན་བོད་ལྗོངས་གཞུང་ཕྱོགས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཀྱིས་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་21གི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་གྱོད་ཐོ་བཀོད་དེ་འདྲི་ཞིབ་བྱས་པ་དང་། མི་19ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་གཞུང་སྒྲིག་ཁྲིམས་ཐོག་གི་ཆད་པ་བཅད་པ་རེད།
          ཟླ་1ཚེས་24ཉིན་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་། ལྟ་ཞིབ་ཐིང་གི་འགོ་འཛིན། རུལ་སུངས་སྔོན་འགོག་ཅུས་ཀྱི་འགོ་འཛིན་བཅས་ཡིན་པའི་ལྷག་པ་ཚེ་རིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་རང་སྐྱོང་ལྗོངས་ཀྱིས་གཅིག་བསྡུས་སུ་གྱོད་གཞི་ཆེན་པོ་དང་གྱོད་གཞི་གནད་ཅན་རྩད་གཅོད་འཕྲལ་སྒྲུབ་བྱས་ནས་ཧོང་ཡུས་ཐེན་དང་། བློ་བཟང་ཚེ་རིང་། ལིའུ་ཡུས་ཁྲའོ། ཀུན་དགའ་ནོར་བུ་སོགས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཚབས་ཆེན་ཞིབ་གཅོད་ནན་ཏན་བྱས་ཏེ་གྱོད་གཞི་ཐོན་ཚེ་རྩད་གཅོད་བྱེད་ངེས་ཡིན་པ་དང་། གཞུང་རྒྱུ་ཧམ་ཟོས་བྱས་རིགས་ཡོད་ཚེ་གཙང་བཤེར་བྱེད་ངེས་ཡིན་པ། རུལ་སུངས་བྱས་ཚུལ་ཡོད་ཚེ་ཉེས་ཆད་གཅོད་ངེས་ཡིན་པ་བཅས་མཐའ་འཁྱོངས་བྱས་ཡོད་ཅེས་བསྟན་པ་རེད།
          ཟླ་1ཚེས་19ཉིན་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཞིབ་བཤེར་བྱས་པ་བརྒྱུད། བོད་ལྗོངས་བདུད་རྩི་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་ཀུན་དགའ་ནོར་བུས་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་ལས་ཁོངས་ནས་ཕྱིར་འབུད་གཏོང་བའི་ཆད་པ་བཅད་ཅིང་། འདི་ནི་ད་ལོར་བོད་ལྗོངས་ཀྱི་ཐིང་རིམ་པའི་ལས་བྱེད་པ་ཞིབ་གཅོད་བྱས་པ་ཐོག་མ་རེད།
          ལྷག་པ་ཚེ་རིང་གིས་2017ལོར་བོད་རང་སྐྱོང་ལྗོངས་ཀྱིས་རུལ་སུངས་མཁན་ལ་ཉེས་ཆད་གཅོད་པའི་བཙན་གནོན་སྟེངས་ཀ་རྒྱུན་འཁྱོངས་བྱས་ནས་ཏང་ནང་གི་ཆབ་སྲིད་འཚོ་བ་ནན་ཏན་སྐྱེལ་བ་དང་། ཏང་ནང་གི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་ནང་ལྟ་སྐུལ་ཆེད་འགན་འཁུར་བའི་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་མ་ཟད། ད་དུང་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ་ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་བྱེད་ཕྱིར་དུས་འགོའི་གྲ་སྒྲིག་ལས་ཀ་ལེགས་འགྲུབ་ཀྱང་བྱ་དགོས་ཞེས་བསྟན་པ་རེད། 
          ཤེས་རྟོགས་བྱུང་བ་ལྟར་ན། ན་ནིང་བོད་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་རིམ་པ་ཁག་གིས་ཁྱོན་བསྡོམས་གྱོད་གཞི་648ཐོ་འགོད་བྱས་པ་དང་། མི་642ལ་ཏང་གི་སྒྲིགས་ཁྲིམས་དང་སྲིད་གཞུང་སྒྲིག་ཁྲིམས་ཐོག་གི་ཆད་པ་བཅད་པ་དང་། ན་ནིང་སྒྲིག་ཁྲིམས་ཞིབ་བཤེར་ཁོངས་གཏོགས་ནང་ཁུལ་དུ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་གནད་དོན་གོང་ཞུ་བྱས་རིགས་གྱོད་གཞི་ཐོ་འགོད་7བྱས་པ་དང་། མི་ཐེངས་6ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་གཞུང་སྒྲིག་ཁྲིམས་ཐོག་གི་ཆད་པ་བཅད་པ་རེད། གཞན་ཡང་བོད་ལྗོངས་ཀྱི་གཞི་རིམ་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་རྫོང་རིམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་ལས་ཁུངས་ནི་དེ་སྔོན་གྱི་17ནས་171ཏུ་འཕར་སྣོན་བཏང་ཞིང་། ཤང་(གྲོང་རྡལ་དང་ཁྲོམ་ལམ་)ཚང་མར་ལོགས་སུ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་བཙུགས་པ་དང་། མི་གྲངས་བསྡོམས་འབོར་ནི་སྔོན་མའི་162ནས་2000ལྷག་ཏུ་འཕར་སྣོན་བཏང་བ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།