འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་གངས་ཤུད་འགྲན་བསྡུར་སྐབས་གཉིས་
    པས་མང་ཚོགས་མང་པོའི་ཡིད་དབང་འཕྲོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་09ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་7ཉིན། གོང་ཚེས་ཉིན་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་གངས་ཤུད་འགྲན་བསྡུར་སྐབས་གཉིས་པ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་མཆོད་རྟེན་གྲོང་རྡལ་གྱི་མཆོད་རྟེན་གངས་ཤུད་ར་བར་འགོ་ཚུགས་ཤིང་། འགྲན་བསྡུར་ལ་གངས་ཁྲོད་ཐག་འཐེན་དང་། རྒྱུག་མཐུད་གངས་ཤུད། གངས་སྐོར། རང་མོས་རྣམ་པའི་གངས་ཤུད་སོགས་མང་ཚོགས་ལ་འཚམ་པའི་རྣམ་གྲངས་བཟོས་ཡོད་པ་རེད།
         ཉིན་དེར་གྲོ་ཚང་ཆུས་ཀྱི་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་15ཙམ་ཡིན་པ་དང་། མཁའ་དབྱིངས་སུ་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། འོན་ཀྱང་དེས་མི་རྣམས་གངས་ཤུད་ལུས་རྩལ་ལ་ཞུགས་པའི་སེམས་ཤུགས་ཆག་མེད། ཟི་ལིང་དང་ཀྲོའུ་དང་རྫོང་ཁག་གི་ཚོགས་པ་རུ་ཁག་11གི་ཁྱོན་རུ་མི་120ཙམ་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།
        ལོ་28ལ་སླེབས་པའི་ཆི་མིང་ལུང་ནི་མཚོ་སྔོན་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ནས་ཡིན་པ་དང་། ཁོང་ལ་ལོ་གསུམ་གངས་ཤུད་གློད་པའི་ཉམས་མྱོང་ཡོད་ཅིང་། ཉིན་དེར་ཁོང་ཏ་ཐུང་རྨི་ལམ་ས་མཐོའི་གངས་ཤུད་རུ་ཁག་དང་མཉམ་དུ་འགྲན་བསྡུར་ལ་ཞུགས་པ་རེད། ཁོང་གིས་གངས་ཤུད་པང་ལེབ་རྐང་འོག་ཏུ་སྣོན་པ་དེ་ནི་ཆུ་སྟེང་དུ་གཡོར་གྲུ་བཏང་བ་དང་གཉིས་སུ་མ་མཆིས། སྐབས་འགར་མགྱོགས་སུ་གཏོང་བ་དང་སྐབས་འགར་སྐོར་བ་བརྒྱབ་ནས་ལྟད་མོ་བ་དང་ཤན་འབྱེད་པ་ཚོར་པང་ལེབ་རྐྱང་མའི་གངས་ཤུད་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད།
        ཤེས་རྟོགས་བྱས་པར་གཞིཌ་ན། དམངས་ཡོངས་ཀྱི་ལུས་སྦྱོང་གངས་ཤུད་འགྲན་བསྡུར་ལ་ཞུགས་མཁན་མང་པོ་ཞིག་ནི“ནང་མི་ཚང་མ་སྐུལ་སློང་བྱས་ནས”ཞུགས་པ་ཞིག་རེད། ལོ་30ལ་སླེབས་པའི་བསོད་ནམས་སྐྱིད་ཀྱིས་ང་ཚོ་ནང་མི་ལྔ་པོ་ནི་ལོ་5ལ་སླེབས་པའི་བུ་བློ་བཟང་ལ་རོགས་པ་བྱེད་པར་ཡོང་བ་ཡིན། “བློ་བཟང་གངས་ཤུད་ལ་ཧ་ཅང་དགའ་པོ་ཡོད། དེ་རིང་བདམས་ཐོན་པ་ཚོའི་ཆེད་ལས་ཀྱི་མངོན་ཚུལ་ལས་བུའི་བློ་རྒྱ་ཡངས་སུ་ཕྱིན་སོང”ཞེས་བཤད།
        མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཙེང་ཧྲུའེ་ཆིང་གིས“ང་ཚོས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི‘གངས་འཁྱག་ལུས་རྩལ་ལྷོར་སྤེལ་བ་དང་ནུབ་ཏུ་རྒྱ་སྐྱེད་གཏོང་རྒྱུའི’འབོད་སྐུལ་དང་ལེན་ཧུར་ཐག་བྱེད་ཀྱི་ཡོད། ད་རེས་ཀྱི་འགྲན་བསྡུར་བརྒྱུད་མཚོ་སྔོན་གྱི་གངས་འཁྱག་ཡུལ་སྐོར་སྤུས་རྟགས་གཏོད་པ་དང་། མཚོ་སྔོན་མཚོ་ཤར་གྱི་གངས་ཤུད་ཡུལ་སྐོར་རིག་གནས་ཀྱི་ནང་དོན་སྔོག་འདོན་བྱེད་པ། མཚོ་སྔོན་གྱི་གངས་འཁྱག་ཡུལ་སྐོར་ཁྲོམ་ར་རྒྱ་ཆེར་གཏོང་བ་བཅས་བྱས་ནས་མི་དེ་བས་མང་བ་དཔྱིད་གསར་རིང་གངས་འཁྱག་ལུས་རྩལ་ལ་ཞུགས་སུ་འཇུག་རྒྱུ་ཡིན”ཞེས་བཤད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།