འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གཞིས་རྩེ་རྣམ་གླིང་རྫོང་ཨེ་མ་སྒང་ཤང་གི་རྒན་རྒོན་ལ་སྣོད་བཅུད་ཀྱི་ཡོང་འབབ་རག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་09ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལྷ་ས་ནས་རླངས་འཁོར་ལ་བསྡད་དེ་ཡར་ཀླུང་གཙང་པོའི་རྒྱུད་དུ་གྱེན་ལ་ཆུ་ཚོད་གསུམ་ལྷག་ཙམ་བསྐྱོད་ཀྱང་། ལམ་གྱི་གཡས་གཡོན་གཉིས་སུ་སྐྱ་ཐེར་ཐེར་གྱི་རི་བོ་ལས་ཅི་ཡང་མཐོང་རྒྱུ་མི་འདུག དེ་ནས་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་སླེབས་སྐབས་མིག་ལམ་དུ་གྲལ་སྟར་འགྲིག་པའི་སྡོང་ཕྲུག་མང་པོ་སྣང་བ་ལས་མི་ཚང་མ་ཧང་སངས། དེ་ནི་ཨེ་མ་ཤང་རེད།
         ཡར་ཀླུང་གཙང་པོའི་ཨེ་མ་སྒང་ཟམ་ཆེན་བསྒྲལ་ནས་ལྕང་གླིང་ཆེན་པོ་དེ་བརྒལ་རྗེས་ང་ཚོ་རྣམ་གླིང་རྫོང་ཨེ་མ་སྒང་ཤང་གི་སླེའུ་ཀོག་གྲོང་ཚོར་སླེབས་བྱུང་། དགུན་ཁའི་ལྕང་གླིང་ནི་དབྱར་ཁ་ལྟར་ལྗང་ཐིང་ཐིང་མིན་ན་ཡང་། མཐའ་མི་མངོན་པའི་ལྕང་གླིང་དེར་བལྟས་ན་དེ་ནི་ལོ་གསུམ་བཞིའི་གོང་གི་བྱེ་རླུང་གི་འབྱུང་ཁུངས་རེད་ཟེར་ན་ཡིད་ཆེས་དཀའ་བར་འདུག
         “ང་ཚོའི་ས་ཆ་འདི་ནི་སྔོན་ཆད་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་གྲམ་ཐང་ངམ་བྱེ་ཐང་ཡིན་པས། རྩི་ཤིང་རྐང་གཅིག་ཀྱང་སྐྱེ་ཡི་མེད། དགུན་ཁ་ཐལ་རླུང་ཆེ་བའི་སྐབས་ནམ་མཁའ་ཐལ་རླུང་གིས་བསྒྲིབས་ནས་ཉིན་ཕྱེད་མ་འགོར་བར་སྒོ་ཁར་བྱེ་མ་ལི་སྨི་10ཙམ་ཆགས་པ་མ་ཟད། ནང་གི་སྒྲོག་ཙེ་སོགས་ཀྱི་སྟེང་དུ་ཡང་བྱེ་མ་མཐུག་པོ་ཆགས་ཀྱི་ཡོད”ལོ་རེའི་ཟླ་བཅུ་གཉིས་པ་ནས་ཕྱི་ལོའི་ཟླ་བཞི་པའི་བར་བྱེ་རླུང་ཆེན་པོ་དེ་འདྲ་རྟག་ཏུ་ལྡང་གི་རེད་ཅེས་ཤིང་མ་བཏབ་གོང་གི་སླེའུ་གྲོང་ཚོའི་སྐོར་ཕྱིར་དྲན་བྱེད་སྐབས་ལོ་52ལ་སླེབས་པའི་གྲོང་ཚོའི་ཀྲི་པུ་ཧྲུའུ་ཅི་མིག་དམར་གྱིས་བཤད།
         ད་ཆ། གྲོང་ཚོར་རླུང་ལྡང་བཞིན་པ་ད་དུང་ཚོར་ཐུབ་ཀྱང་ཐལ་རླུང་འཚུབ་ཀྱི་མི་འདུག 2014ལོར་ཆུ་རྩ་གསོ་འཁྱོངས་དང་རླུང་འགོག་བྱེ་འཇགས་བྱེད་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་བོད་ཡོངས་ཀྱི་མི་འབོར་གྱི་80%ཡན་འདུས་སྡོད་བྱེད་སའི“གཙང་པོ་གཉིས་དང་ཆུ་བོ་བཞིའི”རྒྱུད་དུ་ནགས་བཟོ་ལྗང་སྒྱུར་ལས་གྲྭ་གཅིག་སྡུད་ཐོག་སྤེལ་ཞིང་། རྣམ་གླིང་རྫོང་ཨེ་མ་སྒང་ཤང་ནི་ལས་གྲྭ་དེ་འགོ་འཛུགས་ས་རེད། ལོ་གསུམ་རིང་། རྣམ་གླིང་རྫོང་གིས“ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྣོད་བཅུད་དཔེ་སྟོན་ཁུལ”བཙུགས་ཤིང་། མིག་སྔར་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་2.6ཏུ་སྡོང་ཕྲུག་སྣ་ཚོགས་རྐང་ཁྲི་130བཙུགས་པ་ལས་95%ཡན་སྐྱེས་ནས། ལྕང་གླིང་གི་ཆུ་རྩྭ་གསོ་འཁྱོངས་དང་བྱེ་འཇགས་བྱེ་བཅོས་ལ་ཕན་འབྲས་རགས་ཙམ་ཐོན་པ་སྟེ། གསོ་རླུང་འདུས་ཚད་5%དང་མཁའ་རླུང་བརླན་ཚད་10%མཐོ་རུ་ཕྱིན་ཡོད་པ་རེད།
         ཤིང་འཛུགས་ནགས་བཟོ་བྱས་པ་ལས་སྣོད་བཅུད་ལེགས་སུ་ཕྱིན་པ་མ་ཟད། ད་དུང་མང་ཚོགས་དབུལ་པོ་ཁག་གཅིག་དབུལ་སྒྲོལ་ཐུབ་པ་རེད།
         ལོ་74ལ་སླེབས་པའི་རྒད་པོ་སངས་རྒྱས་ནི་ཨེ་མ་སྒང་ཤང་བདེ་ཆེན་གྲོང་ཚོའི་ནགས་སྲུང་བ་རེད། ཁོང་གིས། སྔོན་ཆད་བྱེ་རླུང་གིས་དཔྱིད་རྨོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་འདུག ཞིང་ཁ་རྨོས་མ་ཐག་གལ་སྲིད་བྱེ་རླུང་ལྡང་ན། ས་ཚང་མ་ཁྱེར་ནས་རྡོ་ཧྲུག་ཁ་ཤས་ལས་མི་ལྷག་པས་ས་རྒྱུ་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་གི་འདུག ངའི་ནང་ལ་ཞིང་ཁ་མུའུ་28ཡོད་ཀྱང་ལོ་རེར་ནས་དང་ཞོག་ཁོག་བཙོངས་པའི་ཡོང་འབབ་སྒོར་ཁྲི་1ཡང་ཟིན་གྱི་མེད། ད་ཆ་ས་རྒྱུ་ཡག་ཏུ་ཕྱིན་པས་ཞོག་ཁོག་ཁོ་ནའི་ཡོང་འབབ་ཀྱང་ལོ་རེར་སྒོར་ཁྲི་4ཟིན་གྱི་འདུག གཞན་ཡང་། ནགས་སྲུང་བའི་གླ་ཕོགས་ཟླ་རེར་སྒོར་1300ཡོད་ལ། ཤིང་སྡོང་བཏབ་ཚེ་ད་དུང་ཉིན་རེར་སྒོར་100རེའི་ཁ་གསབ་འདུག “ན་ནིང་ནང་གི་ཡོང་འབབ་སྣ་ཚོགས་བསྡོམས་ན་སྒོར་ཁྲི་7ལྷག་ཟིན་པ་དེ་ཆ་སྙོམས་ནང་མི་རེར་སྒོར་8000རེ་འདུག”ཅེས་རྒད་པོས་འཛུམ་དམུལ་དམུལ་ངང་བཤད།
         “ནགས་ཤིང་ཕུད། ཤང་གིས་ད་དུང་མིའི་ཐབས་ལ་བརྟེན་ནས་མུའུ་ཁྲི་4.7ལ་རྩྭ་འདེབས་རྒྱུའི་སྒྲིག་འཛུགས་ཀྱང་བྱས་ནས། སྲིད་འཛིན་གྲོང་ཚོ་8ཀྱི་མང་ཚོགས་6000ལྷག་ཙམ་མཉམ་ལས་ཁང་དུ་ཞུགས་ཡོད་པ་དང་། ཆ་སྙོམས་མང་ཚོགས་དབུལ་པོ་རེར་ཡོང་འབབ་སྒོར་1700ཡན་བཏོད་ཡོད”ཅེས་ཨེ་མ་སྒང་ཤང་གི་ཏང་ཨུད་ཧྲུའུ་ཅི་བསོད་ནམས་ཆོས་འཕེལ་གྱིས་བཤད།
         རྣམ་གླིང་རྫོང་གི་རྫོང་དཔོན་ཝང་ཏིང་ཧྥིང་གིས། 2016ལོར་རྫོང་ཡོངས་ཀྱི་སྣོད་བཅུད་སྲུང་སྐྱོང་དགོས་མཁོ་ལྟར་མང་ཚོགས་དབུལ་པོ་25082ཚང་མ་ནགས་སྲུང་བ་དང་འདམ་ར་སྲུང་སྐྱོང་ཁུལ་གྱི་དོ་དམ་པར་བསྒྱུར་ནས་མི་རེར་ལོ་རེར་ལས་གནས་ཁ་གསབ་དངུལ་སྒོར་3000རེ་སྤྲད་པ་ཡིན། གཞན་ཡང་། མུའུ་890ཟིན་པའི་སྡོང་ཕྲུག་རྟེན་གཞི་བཙུགས་ནས་སྡོང་ཕྲུག་རྐང་ཁྲི་380སྐྱེད་སྲིང་བྱས་པ་ལས་ན་ནིང་སྡོང་ཕྲུག་རྐང་ཁྲི་6ལྷག་བཙོངས་པར་དཔལ་འབྱོར་ཕན་འབྲས་སྒོར་ཁྲི་200ལྷག་རག་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས“སྣོད་བཅུད་ལེགས་པ་དང་། མི་སེར་ཕྱུག་པོ་ཆགས་ན་ད་གཟོད་མི་སེམས་བརྟན་པོ་ཡོང་ཐུབ། ལོ་འདི་དག་རིང་ཤིང་འཛུགས་སྔོ་སྒྱུར་ལ་བརྟེན་ནས་མང་ཚོགས་དབུལ་པོ་ཁག་གཅིག་དབུལ་སྒྲོལ་ཐུབ་པས། མི་སེར་ཚོས་སྔོ་ཞིང་དྭངས་པའི་རི་ཆུ་ཡང་གསེར་རི་དངུལ་རི་ཡིན་པ་དངོས་འབྲེལ་ཚོར་ཡོད”ཅེས་བཤད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།