འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱིས་ཤོག་སྦག་ཚོན་ཁྲ་ཅན་རྒྱག་མི་རུང་བའི་ས་ཁུལ་7གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་22ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལྷ་ས་གྲོང་ཁྱེར་གྱིས་ཤོག་སྦག་ཚོན་ཁྲ་ཅན་རྒྱག་མི་རུང་བའི་ས་ཁུལ་7གཏན་འཁེལ་བྱས་པ།
           མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་ཉེ་བ་དང་བསྟུན་ནས། གྲོང་མི་མི་ཉུང་བ་ཞིག་གིས་ཤོག་སྦག་ཚོན་ཁྲ་ཅན་བརྒྱབ་ནས་གནམ་ལོ་གསར་ཚེས་བསུ་བར་དགའ་པོ་བྱེད་པ་རེད། དེས་ན། ལྷ་ས་གྲོང་ཁུལ་གྱི་ས་ཆ་གང་དག་དུ་ཤོག་སྦག་ཚོན་ཁྲ་ཅན་རྒྱག་་མི་རུང་ངམ་ཞེ་ན། ཟླ་དང་པོའི་ཚེས་13ཉིན། གསར་འགོད་པས་དོན་འདིའི་སྐོར་ལྷ་ས་གྲོང་ཁྱེར་བདེ་འཇགས་ལྟ་སྐུལ་ཅུས་ཀྱི་ལྟ་ཞིབ་དོ་དམ་ཁོའོ་གཉིས་པའི་འགན་ཁུར་པ་ལི་ཅུན་ཆིན་ལ་བཅར་འདྲི་ཞུ་སྐབས། ལི་ཅུན་ཆིན་གྱིས་ངོ་སྤྲོད་གནང་བ་ལྟར་ན། ཁོར་ཡུག་གི་འབོག་བཙོག་སྔོན་འགོག་དང་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་། སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་། རྒྱལ་ཁབ་དང་སྤྱི་པའི་རྒྱུ་ནོར། སྤྱི་དམངས་ཀྱི་ལུས་ཁམས་དང་རྒྱུ་ནོར་བདེ་འཇགས་བཅས་འགན་སྲུང་བྱེད་པའི་ཆེད་དུ། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་རང་གྲོང་ཁྱེར་གྱི་དོན་དངོས་དང་བསྟུན་ཏེ་《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་དུ་ཤོག་སྦག་ཚོད་འཛིན་བྱེད་པའི་གཏན་འབེབས་》ཏེ། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བཀའ་རྒྱ་བཅུ་པ་བཏོན་པ་རེད། བཀའ་རྒྱ་དེའི་ནང་ས་གཤམ་གསལ་ས་ཁུལ་ཁག་ཏུ་ཤོག་སྦན་ཚོན་ཁྲ་ཅན་རྒྱག་པ་དང་། ཐོན་སྐྱེད། གསོག་ཉར། ཚོང་གཉེར་བཅས་བྱས་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་རེད།
          ༡  གྲོང་ཁུལ་རྙིང་པ། ལྷ་ས་གྲོང་ཁུལ་ཤར་ནས་བར་སྐོར་ཤར་ལམ་བར་དང་། ལྷ་ས་གྲོང་ཁུལ་ལྷོ་ནས་ཅང་སུའུ་ལམ་བར། ལྷ་ས་གྲོང་ཁུལ་ནུབ་ནས་རྡོ་སེང་གེ་ལམ་བར། ལྷ་ས་གྲོང་ཁུལ་བྱང་ནས་བར་སྐོར་བྱང་ལམ་བར་བཅས་ཏེ་ཁྱབ་ཁོངས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བའི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོབ་འཆར་འགོད་པར་རིས་ཚད་གཞིར་འཛིན་དགོས།
          ༢  ཕོ་བྲང་པོ་ཏ་ལའི་ཐང་ཆེན། གཡུ་ཐོག་ལམ། འཁར་རྔ་ཤར་ལམ། ཉང་བྲན་ལམ་གྱི་ལྷོ་རྒྱུད། ཀྲུང་ཧོ་རྒྱལ་སྤྱིའི་གྲོང་ཁྱེར།
          ༣  ཏང་སྲིད་ལས་ཁུངས་དང་། དམག་དཔུང་། ཉེན་རྟོག་གི་སྒར་གནས།
          ༤  སློབ་གྲྭ་དང་སྨན་ཁང་། ཚོང་ར།
          ༥  གློག་འཕྲིན་དང་རྒྱང་སྒྲོག་གློག་བརྙན་སྒྲིག་ཆས་དང་། ཟམ་པ། མཛོད་ཁང་ཆེ་གྲས། གློག་བསྒྱུར་ས་ཚིགས། སྣུམ་སྣོན་ས་ཚིགས། གཤེར་འགྱུར་རླངས་པའི་ས་ཚིགས་དང་དེའི་ཉེ་འཁོར་གྱི་སྨི་200ནང་ཚུན།
          ༦  གནའ་བོའི་འཛུགས་སྐྲུན་ཀྱི་ཚོགས་དང་། རིག་དངོས་འཛུགས་སྐྲུན་ཁྱབ་ཁོངས། སྡོད་དམངས་གནས་ཁུལ་གཙོ་བ། སྤྱི་པའི་འདུ་འཛོམས་ཁུལ།
          ༧  གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཁྱབ་ཁོངས་གཞན་དག་བཅས་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།