འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།“ཕྱོགས་བཞི་ཀུན་དུ་དཔྱིད་གསར་དུས་ཆེན་མཉམ་དུ་རོལ”ཞེས་པའི་འཚམས་འདྲིའི་
    འཁྲབ་སྟོན་ལས་ཧིན་རྡུ་ཉི་ཞི་ཡའི་ཕྱི་ཁོངས་ཀྲུང་གོ་བར་ལོ་གསར་གྱི་
    རྣམ་པ་ཟབ་མོ་ཚོར་ཐུབ་པ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་09ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་7ཉིན་གྱི་དགོང་མོ“རིག་གནས་ཀྱི་ཀྲུང་གོ·ཕྱོགས་བཞི་ཀུན་དུ་དཔྱིད་གསར་དུས་ཆེན་མཉམ་དུ་རོལ”ཞེས་པའི་ཨེ་ཤེ་ཡ་ཚོགས་པས་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲིའི་འཁྲབ་སྟོན་བྱས་ནས་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐ་ཡི་ཕྱི་ཁོངས་ཀྲུང་གོ་བར་དཔྱིད་གསར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་བཟང་པོ་ཚོར་བ་མ་ཟད། དེ་གར་དཔྱིད་གསར་དུས་ཆེན་གྱི་རྣམ་པས་ཁེངས་ནས་དྲོ་སྐྱིད་སྤྲོ་སྣང་ལྡན་པ་ཞིག་བྱུང་ཡོད།
         ད་ཐེངས་ཀྱི“རིག་གནས་ཀྱི་ཀྲུང་གོ·ཕྱོཌ་བཞི་ཀུན་དུ་དཔྱིད་གསར་དུས་ཆེན་མཉམ་དུ་རོལ”ཞེས་པའི་ཨེ་ཤེ་ཡའི་ཚོགས་པ་དེ་ཀྲུང་གོའི་ཕྱི་རྒྱལ་དང་སྤེལ་རེས་མཐུན་ཚོགས་ཀྱིས་མངགས་གཏོང་བྱས་པ་ཞིག་ཡིན་ཞིང་། དེས་འབར་མའི་རང་ཀོང་དང་ཧིན་རྡུ་ཉི་ཞི་ཡའི་གྲོང་ཁྱེར་མན་ལན་ས་གནས་གཉིས་ཀྱི་ལྟད་མོ་བ་4500ལྷག་ཙམ་ལ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པས་གདེང་འཇོག་ཡག་པོ་རྒྱ་ཁྱབ་ངང་ཐོབ་ཡོད།
         ད་ཐེངས་ཀྱི“རིག་གནས་ཀྱི་ཀྲུང་གོ·ཕྱོཌ་བཞི་ཀུན་དུ་དཔྱིད་གསར་དུས་ཆེན་མཉམ་དུ་རོལ”ཞེས་པའི་ཨེ་ཤེ་ཡ་ཚོགས་པའི་འཁྲབ་སྟོན་མི་སྣ་ཚོ་ཀྲུང་གོ་ཤར་ཕྱོགས་གླུ་གར་ཚོགས་པ་ནས་གཙོ་བོ་ཡོང་བ་རེད། ཚེས་6ཉིན་གྱི་དགོང་མོ་ཅ་ཁར་ཐར་འཁྲབ་སྟོན་བྱས་པའི་ལེ་ཚན་རྣམ་པར་བཀྲ་བ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས་ས་གནས་ས་ཐོག་གི་ལྟད་མོ་བ་ཚོའི་དགའ་བསུ་ཚད་མེད་ཐོབ་ཡོད། འགྱུར་ཁུག་སྙན་པའི་གླུ་དབྱངས་ལས་བརྩེ་སེམས་ཟབ་མོ་མཚོན་པ་དང་། ཡིད་དབང་འཕྲོག་པའི་གར་སྟབས་ལས་མཛེས་ཉམས་མངོན་པ། ངོ་མཚར་ཆེ་བའི་མིག་འཕྲུལ་འཁྲབ་སྟོན་ལ་ཚང་མས་བསྔགས་བརྗོད་ཀྱི་མེ་ཏོག་སྟོར་བ། དགའ་སྤྲོ་འཁོལ་བའི་རོལ་ཆ་དཀྲོལ་གཏོང་ལས་དུས་ཆེན་གྱི་རྣམ་པ་ཟབ་མོ་མངོན་ཡོད་པ་རེད།
         ས་གནས་རེ་ལ་འབྱོར་རིམ་བཞིན་ས་གནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལེ་ཚན་རེ་འཁྲབ་སྟོན་བྱས་པ་དེ་ནི་ད་ཐེངས་ཀྱི“རིག་གནས་ཀྱི་ཀྲུང་གོ·ཕྱོགས་བཞི་ཀུན་དུ་དཔྱིད་གསར་དུས་ཆེན་མཉམ་དུ་རོལ”ཞེས་པའི་ཨེ་ཤེ་ཡའི་ཚོགས་པའི་འཚམས་འདྲིའི་འཁྲབ་སྟོན་གྱི་བཀྲག་མདངས་འཚེར་ས་ཞིག་རེད།
         ཧིན་རྡུ་ཉི་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཤེ་ཕུང་གིས“རིག་གནས་ཀྱི་ཀྲུང་གོ·ཕྱོགས་བཞི་ཀུན་དུ་དཔྱིད་གསར་དུས་ཆེན་མཉམ་དུ་རོལ”ཞེས་པའི་ཨེ་ཤེ་ཡའི་ཚོགས་པས་ཅ་ཁར་ཐར་འཁྲབ་སྟོན་བྱས་པ་གཟིགས་ཤིང་། ཁོང་གིས་དཔྱིད་གསར་དུས་ཆེན་མཚོན་བྱེད་དུ་བྱེད་པའི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཧིན་རྡུ་ཉི་ཞི་ཡར་རྒྱུན་འཛིན་དང་གོང་འཕེལ་བྱུང་བ་དང་ཆབས་ཅིག་རིགས་རྒྱུད་གཞན་གྱི་རིག་གནས་དང་ཕན་ཚུན་ཟུང་དུ་སྦྲེལ་ནས་ཧིན་རྡུ་ཉི་ཞི་ཡའི་སྣ་མང་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་པའི་ཁར་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་མི་དམངས་ཕན་ཚུན་ཤེས་རྟོགས་དང་མཛའ་མཐུན་ཟབ་ཏུ་འགྲོ་བའི་སྒྲོག་ཐག་དང་སྐར་ཁུང་ལྟ་བུར་གྱུར་ཡོད་ཅེས་བརྗོད་པ་རེད།
         ཅ་ཁར་ཐ་ནི་ད་ཐེངས་ཀྱི“རིག་གནས་ཀྱི་ཀྲུང་གོ·ཕྱོགས་བཞི་ཀུན་དུ་དཔྱིད་གསར་དུས་ཆེན་མཉམ་དུ་རོལ”ཞེས་པའི་ཨེ་ཤེ་ཡའི་ཚོགས་པ་ཧིན་རྡུ་ཉི་ཞི་ཡར་བསྐྱོད་པའི་ས་ཚིགས་ཨང་གཉིས་པ་དེ་ཡིན་པ་དང་ཚེས་4ཉིན་གྱི་དགོང་མོ“རིག་གནས་ཀྱི་ཀྲུང་གོ·ཕྱོགས་བཞི་ཀུན་དུ་དཔྱིད་གསར་དུས་ཆེན་མཉམ་དུ་རོལ”ཞེས་པའི་འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་དེ་མན་ལན་དུ་སྤེལ་བ་རེད།
        མན་ལན་དུ་འཁྲབ་སྟོན་བྱས་པའི་ཡིད་དབང་འཕྲོག་པའི་ལེ་ཚན་རེ་རེ་ལས་ལྟད་མོ་བའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་སྟེ་ཆུ་ཚོད་གཉིས་རིང་གི་འཁྲབ་སྟོན་འཁྱུག་ཙམ་ཞིག་ལ་མཇུག་འགྲིལ། མན་ལན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཀྲུའུ་ཧུང་ཧའེ་ཡིས་རིག་གནས་དང་སྒྱུ་རྩལ་སྤེལ་རེས་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་མཛའ་མཐུན་མཉམ་ལས་སྤེལ་རེས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་སྒྱུ་རྩལ་མཁས་ཅན་གྱིས་གྲོང་ཁྱེར་མན་ལན་གྱི་ལྟད་མོ་བར་ངོ་མཚར་ཆེ་ཞིང་ལྟད་མོ་ཆེ་བའི་འཁྲབ་སྟོན་བྱས་པ་དང་ཆབས་ཅིག“རིག་གནས་ཀྱི་ཀྲུང་གོ·ཕྱོགས་བཞི་ཀུན་དུ་དཔྱིད་གསར་དུས་ཆེན་མཉམ་དུ་རོལ”ཞེས་པའི་སྤུས་རྟགས་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ཇེ་ལེགས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཡང་ཞུས་པ་རེད།
         ཅ་ཁར་ཐར་འཁྲབ་སྟོན་མཇུག་འགྲིལ་རྗེས“རིག་གནས་ཀྱི་ཀྲུང་གོ·ཕྱོགས་བཞི་ཀུན་དུ་དཔྱིད་གསར་དུས་ཆེན་མཉམ་དུ་རོལ”ཞེས་པའི་ཨེ་ཤེ་ཡའི་ཚོགས་པ་ད་དུང་ཧིན་རྡུ་ཉི་ཞི་ཡའི་གྲོང་ཁྱེར་ཏེན་པ་ས་དང་ཧན་གོའི་ཧྲོའར་སོགས་ས་གནས་སུ་འཚམས་འདྲིའི་འཁྲབ་སྟོན་བྱེད་པར་བསྐྱོད་རྒྱུ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།