འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཞིང་ཆེན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དབང་པོ་སྐྱོན་ཅན་བྱ་
    གཞག་འཕེལ་རྒྱས་ཀྱི་འཆར་འགོད་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་09ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དབང་པོ་སྐྱོན་ཅན་བྱ་གཞག་གི་ཞན་ཆ་སྔོན་ལ་གསབ་ཆེད། ཉེ་ཆར། ཀན་སུའུ་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་《ཀན་སུའུ་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དབང་པོ་སྐྱོན་ཅན་བྱ་གཞག་འཕེལ་རྒྱས་ཀྱི་འཆར་འགོད་》(གཤམ་དུ་《འཆར་འགོད་》ཞེས་བསྡུ་རྒྱུ་)པར་འགྲེམས་བྱས་ཏེ་ཞིང་ཆེན་དེ་ཡོངས་ཀྱི་དབང་པོ་སྐྱོན་ཅན་འབྱོར་འབྲིང་དུ་སྐྱོད་པའི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ཀན་སུའུ་ཞིང་ཆེན་དུ་དབང་པོ་སྐྱོན་ཅན་ཁྲི་187.1ཡོད་པ་དེ་ཁྱིམ་ཚང་ཁྲི་654ཡི་མི་འབོར་དང་འབྲེལ་བ་ཡོད་ཅིང་། མིག་སྔར་ཞིང་ཆེན་དེ་ཡོངས་སུ་ད་དུང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་ཁྲི་6.9ཙམ་དབུལ་སྒྲོལ་ཐུབ་མེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་དབང་པོ་སྐྱོན་ཅན་ཁྲི་16ཙམ་གྱི་འཚོ་བར་དཀའ་ངལ་ཆེན་པོ་ཡོད་པས་བདེ་ཐང་སླར་གསོ་དང་། སློབ་གསོ། རིག་གནས། ལུས་རྩལ་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུས་དབང་པོ་སྐྱོན་ཅན་གྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པ་རེད།
         《འཆར་འགོད་》ནང་ཀན་སུའུ་ཡིས་གྲོང་གསེབ་དང་། དབུལ་པོ། གྲངས་ཉུང་མི་རིགས་ས་ཁུལ་བཅས་ཀྱི་དབང་པོ་སྐྱོན་ཅན་ལ་དམ་པོར་དམིགས་ནས་བྱིས་པ་དབང་པོ་སྐྱོན་ཅན་དང་། དབང་པོ་སྐྱོན་ཅན་དབུལ་པོ། དབང་སྐྱོན་ཚབས་ཆེ་བ། དུད་ཚང་གཅིག་ལ་དབང་པོ་སྐྱོན་ཅན་མང་པོ་ཡོད་པའི་ཁྱིམ་ཚང་བཅས་ལ་དམ་པོར་དམིགས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཞིང་ཆེན་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་དབུལ་པོ་གནད་སྨིན་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དང་། སྤྱི་ཚོགས་རོགས་སྐྱོབ་དང་སྤྱི་ཚོགས་ཕན་བདེའི་ལམ་ལུགས་དེ་དེ་མཚུངས་ཆ་རྐྱེན་དང་མཐུན་པའི་དབང་པོ་སྐྱོན་ཅན་ཚང་མར་ཁྱབ་པ་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་ལེན་ལམ་ལུགས་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་། བྱིས་པ་དབང་པོ་སྐྱོན་ཅན་དང་དེ་བཞིན་དགོས་མཁོ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་ཡོད་པར་གཞི་རྩའི་བདེ་ཐང་སློབ་གསོའི་ཞབས་ཞུ་དང་ལེན་བྱེད་ཚད་80%ཡན་བར་ཁྱབ་ཚད་བརྟན་པོ་ཡོང་བ་བྱ་རྒྱུ་ཡིན་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ཀན་སུའུ་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་རོགས་སྐྱོབ་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་ཡིན་པ་དང་ཆ་རྐྱེན་དང་མཐུན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་ཁྱིམ་ཚང་དུས་ཐོག་ཏུ་མ་མཐའི་འཚོ་བའི་འགན་ལེན་ཁྱབ་ཁོངས་ནང་བཅུག་ནས་འགན་ལེན་བྱེད་དགོས་རིགས་འགན་ལེན་ཐུབ་པ་བྱ་རྒྱུ་ཡིན་པ་རེད། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཆད་འབོར་འགན་ལེན་བྱ་ཡུལ་ཁྲོད་ཀྱི་དབང་པོ་སྐྱོན་ཅན་རང་ཉིད་ལ་རོགས་སྐྱོབ་ཆུ་ཚད་20%མཐོ་རུ་གཏོང་རྒྱུ་ཡིན་པ་དང་། གྲོང་གསེབ་ཁྱིམ་ཚང་གི་ཁོངས་མི་གཙོ་བོ་དབང་པོ་སྐྱོན་ཅན་ཚབས་ཆེན་ཡིན་པ་མ་ཟད་ངལ་རྩོལ་ནུས་ཤུགས་མེད་པ་དང་ཡོང་འབབ་མེད་པའི་གྲོང་གསེབ་ཁྱིམ་ཚང་རིགས་དང་པོའི་འགན་ལེན་བྱ་ཡུལ་ནང་བཅུག་ནས་འགན་ལེན་བྱ་རྒྱུ་ཡིན་པ་རེད།
         ཀན་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་ལ་གཞི་རྩའི་རྒན་གསོའི་འགན་བཅོལ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ཡོངས་ཁྱབ་ཐུབ་པའི་འགན་ལེན་བྱ་ཆེད། 《འཆར་འགོད་》ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་ཚབས་ཆེན་དང་ཡིག་ཚགས་དང་གཱ་བཟོས་པའི་དབང་པོ་སྐྱོན་ཅན་དབུལ་པོ་རྣམས་ཞིང་ཆེན་དེའི་གྲོང་ཁྱེར་དང་ཀྲོའུ་དང་། རྫོང་དང་། གྲོང་ཁྱེར། ཆུས་བཅས་སྲིད་གཞུང་གིས་མི་སྒེར་གྱི་གྲོན་འཇལ་ཚད་གཞི་དམའ་ཤོས་ལ་གཞིགས་ནས་དེའི་ཚབ་བྱས་ཏེ་རྒན་གསོའི་འགན་བཅོལ་འགྲོ་གྲོན་ཚང་མ་འཇལ་རྒྱུ་དང་ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་ཚབ་འཇལ་རིན་པ་མཐོ་རུ་གཏོང་དགོས་པའི་གཏན་འབེབས་བྱས་པ་བཅས་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།