འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་སི་རི་ལན་ཁས་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་60འཁོར་བའི་རོལ་
    དབྱངས་མཚན་ཚོགས་སི་རི་ལན་ཁར་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་09ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་7ཉིན། སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོར་ཀྲུང་གོས་སྐྲུན་རོགས་བྱས་པའི་པན་ཏ་ལ་ནའེ་ཁེ་རྒྱལ་སྤྱིའི་ཚོགས་འདུའི་ཐོག་ཁང་ཆེ་མོའི་གང་སར་ཀྲུང་གོ་དང་སི་རི་ལན་ཁ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་བཀལ་ཡོད་ཅིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་མཉམ་སྒྲོག་རོལ་དབྱངས་ཚོགས་པ་དང་སི་རི་ལན་ཁའི་རྒྱལ་ཁབ་མཉམ་སྒྲོག་རོལ་དབྱངས་ཚོགས་པའི་སྒྱུ་རྩལ་མཁས་ཅན་ཚོས་དེ་གར་མཉམ་དུ་འཛོམས་ནས་ཀྲུང་སིའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་60འཁོར་བའི་རོལ་དབྱངས་མཚན་ཚོགས་ཀྱི་སྙན་འཇེབས་ལྡན་པའི་རོལ་མོ་དཀྲོལ་བ་རེད།
         སི་རི་ལན་ཁའི་ཙུང་ཐུང་ཤིས་ལི་སེ་ན་དང་ཙུང་ལི་ཝེ་ཁེ་ལེ་མ་ཤིན་ཧ་ཡིས་སི་རི་ལན་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དབྱི་ཤན་ལེའང་དང་དེ་བཞིན་སི་རི་ལན་ཁ་དང་ཀྲུང་གོའི་ལས་རིགས་ཁག་གི་མི་བརྒྱ་ཕྲག་ཁ་ཤས་དང་མཉམ་དུ་ས་གནས་ས་ཐོག་ཏུ་རྒྱལ་ཁབ་གཉིས་ཀྱི་སྒྱུ་རྩལ་མཁས་ཅན་གྱི་ལྟད་མོ་ཆེ་བའི་རོལ་མོ་གསན་པ་རེད།
         ཀྲུང་གོའི་རྒྱལ་ཁབ་མཉམ་སྒྲོག་རོལ་དབྱངས་ཚོགས་པའི་དབུ་བཞུགས་ལས་འགན་རྒྱུན་འཛིན་བཀོད་འདོམས་པ་ལི་ཤིན་ཚའོ་དང་སི་རི་ལན་ཁའི་རྒྱལ་ཁབ་མཉམ་སྒྲོག་རོལ་དབྱངས་ཚོགས་པའི་བཀོད་འདོམས་པ་ཏུའུ་ཤང་ཐི·ཕེ་ལེ་ལ་ཡིས་ཁག་སོ་སོར་བཀོད་འདོམས་བྱས་པའི་ཀྲུང་སི་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་ནས་རོལ་དབྱངས་མཚན་ཚོགས་ཀྱི་འགོ་ཚུགས་པ་དང་། རྒྱལ་ཁབ་གཉིས་ཀྱི་སྒྱུ་རྩལ་མཁས་ཅན་གྱིས་《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་》ཀྱི་ངར་ཤུགས་དང་《མ་ཡུམ་སི་རི་ལན་ཁ་》ཞེས་པའི་སྙན་འཇེབས་ལྡན་ལ་དུང་སེམས་ཟབ་པའི་རྣམ་པ་ཇི་མ་ཇི་བཞིན་ངང་མངོན་པར་བྱས་ཡོད།
         ལི་ཤིན་ཚའོ་ཡིས་གསར་འགོད་པར་འདི་ནི་ཁོང་གིས་རོལ་དབྱངས་བཀོད་འདོམས་བྱས་པ་ནས་བཟུང་རྒྱལ་ཁབ་རིམ་པའི་མཉམ་སྒྲོག་རོལ་དབྱངས་ཚོགས་པ་གཉིས་མཉམ་ལས་བྱེད་པའི་ནང་ཞུགས་ཐེངས་དང་པོ་ཡིན་པ་དང་། རོལ་དབྱངས་མཚན་ཚོགས་ཀྱི་ལེ་ཚན་བཀོད་སྒྲིག་ཕུན་སུམ་ཚོགས་པོ་བྱས་ཡོད་པ་དང་ཀྲུང་སི་ཕྱོགས་གཉིས་པོའི་ཁྱད་ཆོས་ལྡན་པའི་བརྩམས་བྱ་ཡོད་པ་མ་ཟད། མཉམ་སྒྲོག་རོལ་དབྱངས་ཀྱི་གྲགས་ཅན་རོལ་དབྱངས་ཀྱང་ཡོད། “ཀྲུང་སིའི་རོལ་དབྱངས་ཀྱི་ཉམས་འགྱུར་གཏན་ནས་མི་འདྲ་ཡང་འཛམ་གླིང་ཡོངས་ཀྱི་སྦྲེལ་ཟམ་ཡག་ཤོས་ཡིན་པའི་རོལ་དབྱངས་ཀྱིས་ཀྲུང་གོ་དང་སི་རི་ལན་ཁ་འབྲེལ་མཐུད་དམ་ཟབ་བྱས་ཡོད”ཅེས་བཤད། ཁོང་གིས“རོལ་དབྱངས་བརྒྱུད་སི་རི་ལན་ཁའི་མི་དམངས་ལ་ངོ་མཚར་ཆེ་བའི་སྤྲོ་སྣང་ཞིག་སྦྱིན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཤེས་རྟོགས་དང་མཛའ་གྲོགས་སྔར་བས་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བཤད། 
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།