འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་དཀར་མཛེས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་རྒྱག་འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་05ཉིན། 12:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་གྱི“ཚོགས་འདུ་གཉིས”ནས་ཤེས་རྟོགས་བྱས་པར། 2016ལོར་སི་ཁྲོན་ཞིང་ཆེན་དུ་མི་འབོར་དབུལ་པོ་ཁྲི་107.8དབུལ་སྒྲོལ་བྱུང་བ་དང་རྫོང་དབུལ་པོ་5ཡི་དབུལ་ཞྭ་ཕུད་པ་མ་ཟད། གྲོང་ཚོ་དབུལ་པོ་2437ཕྱུག་པོའི་ལམ་དུ་ཁྲིད་པ་རེད།
         དཔྱད་གཞི་ལས་མངོན་པར། 2012ལོའི་ལོ་མཇུག་ཏུ་སི་ཁྲོན་ལ་མི་འབོར་དབུལ་པོ་ཁྲི་750ཡོད་ཅིང་། ཆ་སྙོམས་མི་11ནས་མི་གཅིག་དབུལ་པོའི་གནས་ལས་བསྒྲལ་མེད། 2015ལོའི་ལོ་མཇུག་ཏུ་སླེབས་སྐབས་སི་ཁྲོན་ལ་ད་དུང་མི་འབོར་དབུལ་པོ་ཁྲི་380ལྷག་ཙམ་ཡོད་ཅིང་། དབུལ་པོར་ལུས་ཚད་11.5%ནས་5.8%བར་ཆག་ཀྱང་ལྷག་བསྡད་པའི་མི་འབོར་དབུལ་པོ་དེ་དག་ཚང་མ་དབུལ་པོའི་གནས་ལས་སྒྲོལ་དཀའ་བ་ཤ་སྟག་རེད། 2016ལོའི་ལོ་འགོ་ནས་བཟུང་སི་ཁྲོན་གྱིས་དུས་ཡུན་ལོ་ལྔ་ཡི“དབུལ་སྒྲོལ་འགག་སྒྲོལ་དམག་འཐབ”རྒྱག་འགོ་བཙུགས་པ་རེད།
        གསར་འགོད་པས་མི་རིང་བའི་གོང་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སྡེ་དགེ་རྫོང་དུ་བཅར་འདྲིར་བསྐྱོད་པ་ཡིན། ཁུལ་དེ་གའི་རང་བྱུང་ཁོར་ཡུག་ཞན་པ་དང་དབུལ་པོར་ལུས་ཚད་མཐོ་བས་སི་ཁྲོན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོའི་ཁུལ་ཞིག་རེད།
         མདའ་མ་ཤང་སྒམ་ཁང་གྲོང་ཚོར་གསར་འགོད་པས་ལོ་61ལ་སོན་པའི་རྒན་མོ་ཚེ་རིང་ཆོས་མཚོའི་ཁྱིམ་དུ་སྐྱོད་སྐབས་ཁོང་གིས་ཀ་ལ་ནས་ཆུ་གློད་དེ་གསར་འགོད་པར་བསྟན་བྱུང་། 2016ལོར་སི་ཁྲོན་ཞིང་ཆེན་ཆུ་བེད་ཐིང་གི་རོགས་སྐྱོར་འོག་སྒམ་ཁང་གྲོང་ཚོའི་གྲོང་མི་ཚང་མའི་ཁྱིམ་དུ་ཐོག་སོ་གཉིས་པར་འཁྱོལ་བའི་ཀ་ལ་ཁྲིད་པ་རེད།
         ཚེ་རིང་ཆོས་མཚོའི་བུ་པད་མ་དབང་ཆེན་གྱིས་ཨ་མ་དང་གཅུང་མོ་གཉིས་པོར་ནད་གཞི་ཕོག་ནས་ལོ་མང་པོ་སོང་བས་རྟག་ཏུ་དཀའ་ངལ་འཕྲད་ཀྱི་འདུག་མོད། འོན་ཀྱང་ན་ནིང་ནས་བཟུང་ངས་ཤིང་བཟོ་སྦྱངས་ཏེ་རྣམ་ཀུན་ཞོར་ལས་ལ་འགྲོ་བ་དང་དབྱར་རྩྭ་དགུན་འབུའང་འཚོང་གི་ཡོད། དེའི་ཁར་སྲིད་ཇུས་ཀྱི་ཁ་གསབ་སྣ་ཚོགས་ལས་ནང་མི་ཚང་མའི་འཚོ་བ་ལེགས་སུ་ཕྱིན་སོང་ཞེས་གསར་འགོད་པར་བཤད་བྱུང་། གསར་འགོད་པས་ལྟ་སྐབས་ཚེ་རིང་ཆོས་མཚོའི་ཁྱིམ་དུ་བརྙན་འཕྲིན་དང་ལག་ཐོགས་ཁ་པར་གྱི་བརྡ་རྟགས་ཡག་པོ་ཡོད་པ་མ་ཟད་གསང་སྤྱོད་ཀྱང་ཧ་ཅང་གཙང་མ་ཡོད་པ་དང་བང་མཛོད་དུའང་འབྲུ་རིགས་ཀྱིས་ཁེངས་འདུག
         ཚེ་རིང་ཆོས་མཚོ་ནི་སི་ཁྲོན་གྱི་མི་འབོར་དབུལ་པོ་མང་པོ་ཞིག་དབུལ་པོའི་གནས་ལས་བསྒྲལ་བའི་བསྡུས་རིས་ཤིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་སི་ཁྲོན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གལ་ཆེན་ལ་བརྩིས་ནས་སྡོད་ཁང་གི་བདེ་འཇགས་དང་། ཐོན་ལས་ལ་བརྟེན་ནས་ཞིང་པའི་འབབ་འཕར་ལ་སྐུལ་འདེད། ས་ཁུལ་དབུལ་པོའི་འོས་འགན་སློབ་གསོའི་སློབ་གྲྭ་སྐྱོ་པོའི་རྨང་གཞིའི་སློབ་གཉེར་ཆ་རྐྱེན་ལེགས་གཏོང་། ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་བསྐྱར་དུ་དབུལ་པོ་ཆགས་རྒྱུ་བཀག་འགོག་སོགས་ཀྱི་ཐད་བྱ་ཐབས་ནུས་ལྡན་སྤྱད་ཡོད། དེའི་ནང་ཐོན་ལས་ལ་བརྟེན་ནས་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་ནི་གཙོ་གནད་ཅིག་ཡིན་ཞིང་། འདས་ཟིན་པའི་ལོ་གཅིག་རིང་སི་ཁྲོན་གྱིས་རྫོང་དབུལ་པོ་དང་གྲོང་ཚོ་དབུལ་པོའི་ཐོན་ལས་དབུལ་སྒྲོལ་འཆར་གཞི་བཟོས་ཏེ་དབུལ་སྒྲོལ་བྱ་ཐབས་དུད་ཚང་རེ་རེ་བཞིན་དོན་འཁྱོལ་བྱས་པ་དང་། ཞིང་ལས་ཆེད་ལས་མཉམ་ལས་རྩ་འཛུགས་ཁྲི་6.8དང་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་5180དབུལ་སྒྲོལ་འགག་སྒྲོལ་ལ་ཞུགས་སུ་བཅུག་པས་ཁྱིམ་ཚང་དབུལ་པོའི་ངལ་ནུས་མི་ཁྲི་84.2ལས་ཞུགས་གཞན་སྒྱུར་ཐུབ་ཡོད།
         གསར་འགོད་པ་སི་ཁྲོན་ཀོང་ཨན་གྲོང་ཁྱེར་གྱི་གྲོང་ཚོ་དབུལ་པོར་སྐྱོད་སྐབས་དུད་ཚང་མི་རེ་ངོ་རེ་ཚང་མས་བྱ་དེ་དང་། ཡཱ་ཙེ། ཕག་པ། ར་ལུག་སོགས་གསོས་ཡོད་པ་མཐོང་བྱུང་། དེ་ནི་སྲིད་གཞུང་གིས་དུད་ཚང་དབུལ་པོར་དམིགས་ནས་དུས་ཐུང་དབུལ་སྒྲོལ་གྱི་རོགས་སྐྱོར་བྱ་ཐབས་སྤྱད་པ་ཞིག་རེད།
         2017ལོ་ནི་སི་ཁྲོན་གྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་རྒྱག་འགོ་བཙུགས་པའི་ལོ་གཉིས་པ་དེ་ཡིན་ཞིང་། སི་ཁྲོན་གྱིས“སེམས་ཁྲལ་མི་དགོས་པ་གཉིས་དང་། འགན་ལེན་གསུམ” “བཟང་པོ་བཞི”ལ་དམིགས་ནས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་རྫོང་དབུལ་པོ་16གི་དབུལ་ཞྭ་འབུད་ཐུབ་པ་དང་། གྲོང་ཚོ་དབུལ་པོ་3700ཕྱུག་པོའི་ལམ་དུ་འཁྲིད་ཐུབ་པ། མི་འབོར་དབུལ་པོ་ཁྲི་105དབུལ་པོའི་གནས་ལས་སྒྲོལ་ཐུབ་པ་བཅས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།