འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མི་སེར་གྱི་དངུལ་ཁུག་ཡག་པོ་སྲུང་བ།

    —— རང་རྒྱལ་གྱིས་གློག་འཕྲིན་ཁ་བསླུས་ལ་རྡུང་རྡེག་གཏོང་ཤུགས་དང་བཅོས་སྒྲིག་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་05ཉིན། 12:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་གཉིས་རིང་གློག་འཕྲིན་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་གི་ལམ་སྲོལ་རབ་དང་རིམ་པ་གསར་གཏོད་བྱས་པ་བརྒྱུད། མྱུལ་ཞིབ་རྡུང་རྡེག་དང་། གཙོ་གནད་བཅོས་སྒྲིག དོགས་ཟོན་བཅོས་སྒྲིག་བཅས་ཕྱོགས་གསུམ་གཞི་གཅིག་མངོན་འགྱུར་བྱུང་སྟེ། ཉེས་གསོག་པའི་གཉའ་བཅག་ནས་མི་སེར་གྱི་དངུལ་ཁུག་དངོས་གནས་ཡག་པོ་བསྲུངས་པ་རེད།
         སྡེ་ཚན་23གྱིས་གློག་འཕྲིན་ཁ་བསླུས་ལ་མཉམ་དུ་རྡུང་རྡེག་དང་བཅོས་སྒྲིག་བྱས་པ།
         ཉེ་བའི་ལོ་ཤས་རིང་གློག་འཕྲིན་དང་དྲ་རྒྱ་བརྒྱུད་ཁ་བསླུས་རྒྱག་པའི་ཉེས་གསོག་རྒྱུན་མཐུད་ནས་ཐོན་མང་དུ་སོང་ཞིང་། བྱ་ཐབས་ཉིན་བཞིན་རྙོག་འཛིང་ཆེ་རུ་དང་གཡོ་ཐབས་གསར་པ་ཟམ་མི་ཆད་པར་ཐོན་ཏེ། མགོ་སྐོར་འོག་ཚུད་མཁན་མང་པོར་གྱོང་གུན་ཆེན་པོ་ཕོག་ནས། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་གྱི་བདེ་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་ཕོག་གི་ཡོད།
         ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནད་དོན་དེར་མཐོང་ཆེན་པོ་བྱེད་པ་དང་། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། ཉེས་གསོག་པའི་ཧམ་སེམས་ཆེན་པོ་མཐའ་གཅིག་ཏུ་མེད་པར་བཟོ་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། 2015ལོའི་ཟླ་6པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གློག་འཕྲིན་དང་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་བྱེད་ཐབས་གསར་པར་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ལས་ཀའི་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་འཛུགས་རྒྱུའི་ཆོག་མཆན་སྤྲད་པས། སྤྱི་བདེ་པུའུ་དང་། བཟོ་ལས་ཆ་འཕྲིན་པུའུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་གོའི་མི་དམངས་དངུལ་ཁང་སོགས་སྡེ་ཚན་དང་ཚན་པ་23ཞུགས་ཤིང་། དེ་ལས་གློག་འཕྲིན་ཁ་བསླུས་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ལས་དོན་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཏུ་གྱུར་ཏེ། ཕྱོགས་མང་པོས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་ཀྱི་ཐོན་ཁུངས་སྤྱི་འདོམས་བྱས་ནས“མིག་མང་སྒྲིག་སྐོར་གཅིག”ཐུན་མོང་ཐོག་ཡག་པོ་བརྒྱབ་པ་མཚོན་གྱི་ཡོད།
         2015ལོའི་ཟླ་10པར་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུ་ཐེངས་དང་པོའི་ཐོག་སྡེ་ཚན་ཁག་གི་འགན་འཁྲི་དང་ལས་འགན་གསལ་པོ་བཟོས་ཏེ། ཁོངས་མིའི་ཚན་པ་23གྱིས་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ཆེད་དམིགས་བྱ་སྤྱོད་མཉམ་འབྲེལ་ཐོག་སྤེལ་བས། རྡུང་རྡེག་དང་བཅོས་སྒྲིག་གི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད།
         2016ལོའི་ཟླ་2པར་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུ་ཐེངས་གཉིས་པའི་ཐོག་རྡུང་རྡེག་གཏོང་ཐབས་གསར་གཏོད་དང་། ལས་ཀའི་ལམ་སྲོལ་གསར་གཏོད། རྡུང་རྡེག་གི་ཕན་འབྲས་ཆེར་གཏོང་། ས་ཁོངས་ལས་བསྒྲལ་ནས་ཉེན་རྟོག་པའི་ལས་དོན་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། མཉམ་སྡེབ་དམག་འཐབ་ལ་ཤུགས་སྣོན་རྒྱག་པ། མཐའ་འཁོར་གྱི་ཐལ་མདོག་ཐོན་ལས་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་ཐད་ཞིབ་ཕྲའི་བྱ་ཐབས་བཏོན་ཡོད།
         2016ལོའི་ཟླ་9པར་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱི་གཙོ་ཤུགས་དམག་གི་ནུས་པ་འདོན་པ་དང་ལས་ཀའི་བྱ་ཐབས་གསར་གཏོད་བྱེད་པ་དང་། སྡེ་ཚན་ཁག་གིས་བརྡ་ཁྱབ་གཏོང་བའི་ལམ་ལུགས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁ་བསླུས་ངོ་རྒོལ་ལྟེ་གནས་བསྐྲུན་རྒྱུར་སྐུལ་སྤེལ་ཆེན་པོ་གཏོང་བ། འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གློག་འཕྲིན་ཁེ་ལས་དང་། དངུལ་རྩའི་ལས་རིགས། དྲ་སྦྲེལ་ཁྱབ་ཁོངས་བཅས་གཙང་བཤེར་བཅོས་སྒྲིག་བྱ་རྒྱུར་སྐུལ་མ་གཏིང་ཟབ་གཏོང་རྒྱུ་བཅས་བཀོད་སྒྲིག་བྱས་ཡོད།
         ཕན་ནུས་ཆེ་བའི་མཉམ་འགུལ་ལས་རྡུང་རྡེག་ནུས་པ་དེ་བས་ཆེ་བ་ཐོན་པ།
         ཉེ་བའི་ལོ་ཤས་རིང་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས། མངའ་ཁོངས་ནང་ཁུལ་གྱི་ས་ཁོངས་རང་བཞིན་གྱི་གློག་འཕྲིན་ཁ་བསླུས་རྒྱག་མཁན་ཉེས་གསོག་པར་རྡུང་རྡེག་གཏོང་བ་དང་ས་ཁོངས་ཕྱི་ནས་མངའ་ཁོངས་ནང་དུ་གནོད་འཚེ་གཏོང་བའི་གློག་འཕྲིན་ཁ་བསླུས་ཀྱི་ཉེས་གསོག་ཚོགས་པར་རྡུང་རྡེག་གཏོང་བ་མ་ཟད། གློག་འཕྲིན་ཁ་བསླུས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བ་དང་། ཐལ་མདོག་ཐོན་ལས་མུ་སྦྲེལ་ལ་རྡུང་རྡེག་བཏང་ནས་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་དམ་དྲག་རྣམ་པ་ཞིག་ཆགས་ཡོད།
         “ཚན་རིག་དང་མཐུན་པའི་ངང་བཀོད་འདོམས་དང་། གཅིག་སྡུད་ཐོག་ཞིབ་འཇུག་བརྡར་གཅོད་ཀྱིས་མྱུལ་ཞིབ། ནུས་ཤུགས་ཆེན་པོས་རྡུང་རྡེག་དང་ཐག་གཅོད”བཅས་བྱུང་ཡོད། ས་ཁོངས་ལས་སྒྲོལ་བ་དང་ཕྱོགས་མང་ཉེན་རྟོག་མཉམ་འགུལ་གྱི་ནུས་ཆེའི་རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་དམག་འཐབ་རྣམ་པ་གསར་པ་རིམ་པས་གྲུབ་པ་དང་། གྱོད་གཞི་རྩད་ཆོད་གྲངས་དང་། ཚོགས་པ་མེད་པར་བཟོ་ཚད། ཁྲིམས་འགལ་གྱི་ཉེས་གསོག་དོགས་ཅན་ཞིབ་བཤེར་རྩད་གཅོད་ཐུབ་པའི་མི་གྲངས་བཅས་ཚང་མ་དུས་མཚུངས་ལས་ལྡབ་ཁ་ཤས་ཀྱིས་མང་དུ་ཕྱིན་ཡོད། 2016ལོར་རྒྱལ་ཡོངས་ཀྱིས་ཁ་བསླུས་རྒྱག་མཁན་ཚོགས་པ་ཁྱོན་7682དང་ཁ་བསླུས་ནག་ཚང་8107མེད་པར་བཟོས་པ་དང་། སྤྱི་བདེ་པུས་བྲོས་བྱོལ་དུ་སོང་བའི་མི་23བཟུང་རྒྱུའི་Aརིམ་པའི་འཛིན་རྒྱ་སྔ་རྗེས་སུ་བཏང་བ་དང་། མིག་སྔར་མི་22བཟུང་པ་རེད།
         སྤྱི་བདེ་པུའི་གཅིག་གྱུར་སྒྲིག་འཛུགས་དང་བཀོད་འདོམས་འོག་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ཐའོ་པའོ་རུ་ཚབ་ཉོའི་གཉེར་ཚོང་ཁ་བསླུས་དང“དངུལ་འབོར་ཆེན་བཏང་ནས་ཕྲུ་གུ་རེ་འདོད་བྱེད་པའི”གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་སོགས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་བྱེད་སྒོར་གྲུབ་འབྲས་བཟང་པོ་མང་པོ་བཏོད་ཡོད།
         དེ་དང་ཆབས་ཅིག་སྤྱི་བདེ་ལས་ཁུངས་ཀྱིས་ད་དུང་རྒྱལ་སྤྱི་དང་ས་ཁུལ་དབར་གྱི་ཁྲིམས་འཛིན་མཉམ་ལས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། ཕྱི་འབྲེལ་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱི་གཞོགས་འདེགས་འོག་སྤྱི་བདེ་པུས་2016ལོ་ཁོ་ནར་སྔ་རྗེས་སུ་པེ་ཅིང་དང་། ཐེན་ཅིན། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཧུའུ་པེ། ཀོང་ཏུང་སོགས་ས་གནས་སྒྲིག་འཛུགས་ཐེངས་18བྱས་ཏེ། ས་ཁོངས་ཕྱི་རོལ་དུ་བསྐྱོད་ནས་ལས་དོན་སྤེལ་བ་དང་། ཁེན་ནི་ཡ་དང་། ལོ་སི། མ་ལེ་ཞི་ཡ། ཁམ་ཕུ་ཁྲེ། སི་ཕེན་སོགས་འཛམ་གླིང་གི་ས་གནས་ཁག་ནས་གློག་འཕྲིན་ཁ་བསླུས་རྒྱག་མཁན་ཉེས་གསོག་དོགས་ཅན་561བཟུང་ནས། རྒྱལ་ནང་དུ་ཁྲིད་པའི་ནང་དུ་ཐའེ་དབན་བ་219ཡོད་པ་རེད།
         སྒྲིག་སྲོལ་ལམ་སྲོལ་བཟོས་ནས་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱིས་སྔོན་འགོག་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ།
         2015ལོར་པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ངོ་རྒོལ་ལྟེ་གནས་དང་ཞིབ་བཤེར་ཚོད་འཛིན་ལྟེ་གནས་ཐོག་མ་དེ་བཙུགས་པ་དང་། 2016ལོར་ཧྲང་ཧའེ་གྲོང་ཁྱེར་གྱིས་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ངོ་རྒོལ་ལྟེ་གནས་བཙུགས་ནས་ལས་འགོ་ཚུགས་པ། ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ཁ་བསླུས་ངོ་རྒོལ་ལྟེ་གནས་འཛུགས་པའི་ལས་དོན་རིམ་བཞིན་སྤེལ་བ་དང་། འཛུགས་སྐྲུན་གྱི་ཚད་གཞི་ནན་པ་དང་འགན་ནུས་ཀྱི་ངེས་གནས་གསལ་བའི་ཁར། སྔོན་འགོག་དང་། རྡུང་རྡེག བཅོས་སྒྲིག་བཅས་གཞི་གཅིག་ཏུ་སྡུད་པའི་དངོས་འཐབ་ཅན་གྱི་གཉེར་སྐྱོང་ལས་སྟེགས་ཁག་གཅིག་བསྟུད་མར་བསྐྲུན་པ་དང་སྤྱོད་འགོའང་ཚུགས་ཡོད།
         2015ལོ་ནས་བཟུང་རྒྱལ་ཡོངས་སུ་ཞིང་ཆེན་རིམ་པའི་ཁ་བསླུས་ངོ་རྒོལ་ལྟེ་གནས་32དང་། ས་གནས་དང་གྲོང་ཁྱེར་རིམ་པའི་ཁ་བསླུས་ངོ་རྒོལ་ལྟེ་གནས་181བཙུགས་ཟིན་པ་དང་། རྒྱལ་ཁབ་རིམ་པའི་ཁ་བསླུས་ངོ་རྒོལ་ལྟེ་གནས་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ་དང་། སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པའི་རིགས་ཁག་གིས་ལས་བགོས་མཉམ་ལས་དང་གཞོགས་འདེགས་ཧུར་ཐག་བྱེད་པ་དང་། དངུལ་ཁང་སྡེ་ཚན་གྱིས་གྱོད་འབྲེལ་མ་དངུལ་བཀག་སྡོམ་བྱེད་པའི་འགན་འཁུར་བ་དང་། དེ་བཞིན་མ་དངུལ་འགྲོ་ཁོངས་མྱུལ་ཞིབ་ལ་གཞོགས་འདེགས། གློག་འཕྲིན་ཁེ་ལས་ཀྱིས་གྱོད་འབྲེལ་ཁ་པར་ཨང་གྲངས་འགོག་པའི་འགན་འཁུར་བ་དང་། དེ་བཞིན་ཆ་འཕྲིན་ཡོངས་ཁུངས་མྱུལ་ཞིབ་ལ་གཞོགས་འདེགས་བཅས་བྱས་པས། གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི“ཆ་འཕྲིན་མཉམ་སྤྱོད་དང་། མཉམ་དུ་དམག་འཐབ། གནས་ཚུལ་འཕྲལ་མར་རྩད་གཅོད། སྤྱི་ཡོངས་མཉམ་འགུལ”བཅས་ཀྱི་སྤྱིའི་སྒྲོམ་གཞི་ཞིག་རགས་ཙམ་ཆགས་ཡོད་པ་རེད།
         སྤྱི་བདེ་པུས་ད་དུང་ཧྲང་ཧའེ་དང་། སུའུ་ཀྲོའུ། ཅིན་ཧྭ། ཤ་མོན། ཧྲེན་ཀྲེན། ཀྲུའུ་ཧའེ་སོགས་ས་གནས་སུ་ཞིབ་འཇུག་བརྡར་གཅོད་ལྟེ་གནས་6བཙུགས་པ་དང་། ཨ་ལི་པ་པ་ཚོགས་པ་དང་ཐེང་ཤུན་ཀུང་སིར་སྔོན་འགོག་ཚོད་འཛིན་ལྟེ་གནས་2བཙུགས་པས། ལྟེ་གནས་8ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ས་ཁོངས་ཕྱི་ནང་གི་ནག་ཚང་དང་ཉེས་གསོག་མུ་སྦྲེལ་ཡོངས་ལ་ཞིབ་འཇུག་བརྡར་གཅོད་ཕྱོགས་ཡོངས་ནས་བྱས་ཏེ། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་རྡུང་རྡེག་དང་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་རྒྱུར་གཞོགས་འདེགས་ནུས་ལྡན་ཐུབ་ཡོད།
        《གློག་འཕྲིན་དང་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་སྔར་བས་སྔོན་འགོག་དང་རྡུང་རྡེག་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》དང་《གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཉེས་གསོག་སྔོན་འགོག་དང་རྡུང་རྡེག་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་》སོགས་ཡིག་ཆ་རབ་དང་རིམ་པ་བཏོན་ནས་སྡེ་ཚན་ཁག་གིས་འགན་འཁྲི་དང་ལས་འགན་ཁ་གསལ་བཟོས་པ་དང་། སྡེ་ཚན་ཁག་གིས་ལས་འགན་ཁག་བགོས་གཞིར་བཟུང་སྔོན་འགོག་དང་། བཅོས་སྒྲིག རྡུང་རྡེག་བཅས་ཀྱི་བྱེད་ཐབས་ཁག་སྔར་བས་དོན་འཁྱོལ་བྱས་ནས། འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་རྣམ་པ་ཞིག་སྤྱིའི་ཆ་ནས་ཆགས་ཡོད།
         མིག་སྔའི་བར་ཚོང་ལས་དངུལ་ཁང་3382དང་གཏོང་སྤྲོད་སྒྲིག་གཞི་7སྦྲེལ་མཐུད་བྱས་ནས། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ལས་སྟེགས་བརྒྱུད་མ་དངུལ་ཁྲི་65.14ཞིབ་བཤེར་དང་། གཏོང་མཚམས་འཇོག་པ། བསྡམས་བཅད་པ་བཅས་བྱས་པས། ཁ་བསླུས་རྩིས་ཨང་ཁྲི་7.3སྤྲོད་མཚམས་འཇོག་པ་ལམ་ལྷོངས་བྱུང་བར། མ་དངུལ་སྒོར་དུང་ཕྱུར་11.3ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།