འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཁེན་ནི་ཡའི་དབུལ་སྐྱོར་བྱ་གཞག་ཁྲོད་ཀྱི“ཀྲུང་གོའི་གཞི་རྒྱུ”

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་05ཉིན། 12:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཁེན་ནི་ཡ་ནི་ཨ་ཧྥེ་རི་ཁ་ཤར་མའི་དཔལ་འབྱོར་དངོས་ཚན་ཆེ་ཤོས་དེ་ཡིན་པ་དང་། དབུལ་ཕོངས་ཀྱི་གནད་དོན་ཛ་དྲག་པོ་འཕྲད་ཡོད་ཅིང་། ཉེ་ལམ་ལོ་ཤས་རིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་ཀྲུང་གོ་བ་དང་ཀྲུང་གོའི་ཀུང་སི་དེ་བས་མང་བ་ཁེན་ནི་ཡར་མ་འཇོག་ལས་དར་བྱེད་པར་བསྐྱོད་དེ་ཀྲུང་གོའི་ཉམས་མྱོང་དང་ལག་རྩལ་དེ་ཁུལ་དུ་ཁྱབ་སྤེལ་བཏང་སྟེ་ཕན་ཚུན་གཉིས་ཁེ་གཉིས་ཕན་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱས་ནས་དབུལ་ཕོངས་ཀྱི་གནད་དོན་སེལ་བ་དང་དམངས་འཚོ་ལེགས་སུ་གཏོང་ཆེད་སྒུལ་ཤུགས་བསྣན་ཡོད།
         “ཀྲུང་གོའི་དགེ་རྒན་ཆེ་མོ་བ་དེས་ཁེན་ནི་ཡར‘སྔོ་ཚལ་དྲོད་ཁང’ནང་ཚལ་འདེབས་སྟངས་བསླབས་ཡོད”ཅེས་ཁེན་ནི་ཡའི་ཨེ་ཀེ་ཏུན་སློབ་ཆེན་སྐྱེད་ཚལ་ལྡུམ་རའི་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཉི་ཡ་ལ་ལས་དེ་ལྟར་ཁོང་གི་ཀྲུང་གོའི་ལས་རོགས་ལིའུ་ཀའོ་ཆུང་ངོ་སྤྲོད་བྱས་པ་དང་། ཁོང་གིས“‘དྲོད་ཁང’ནང་ཁེན་ནི་ཡའི་ཞིང་པས་ལོ་ཧྲིལ་པོར་སྔོ་ཚལ་འདེབས་ཆོག་པས་ཡོང་འབབ་མཐོ་རུ་ཧ་ཅང་ཆེན་པོ་ཕྱིན་སོང”ཞེས་བརྗོད།
         ཁེན་ནི་ཡར་ཐན་པ་སྟོན་དུས་སྐམ་ཤས་དང་ཚ་བ་ཆེ་བ་དང་། ཆར་དུས་སུ་ཆར་ཆུ་འབབ་ཚད་མཐོ་ཞིང་། ལོ་གཅིག་ནང་ཆར་དུས་ཐེངས་གཉིས་ཡོད་པས་ཆར་དུས་འཆར་རིམ་བཞིན་སྔོ་ཚལ་སྐྱེ་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་སྟབས་ཞིང་པའི་ཡོང་འབབ་མཐོ་རུ་འགྲོ་རྒྱུར་ཚོད་འཛིན་བཟོ་བའི་འགོག་རྐྱེན་ཆེན་པོ་ཞིག་ཏུ་གྱུར་ཡོད། 1997ལོར་ཁེན་ནི་ཡ་ཨེ་ཀེ་ཏུན་སློབ་ཆེན་དུ་སློབ་ཁྲིད་བྱེད་པར་ཡོང་མཁན་དགེ་རྒན་ཆེ་མོ་བ་ལིའུ་ཀའོ་ཆུང་གིས་གནད་དོན་དེ་ཤེས་རྟོགས་ཐུབ་ནས་སློབ་ཆེན་ནང་འགྱིག་ཤོག་དྲོད་ཁང་ཆེན་པོ་ཞིག་བསྐྲུན་ཏེ་ཁེན་ནི་ཡའི་ཤིང་འབྲས་དང་སྔོ་ཚལ་ཐོན་རྫས་གཙོ་བོ་ཡིན་པའི་ཀྲོ་མ་ཀྲུ་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་ཐེངས་དང་པོ་བཏབ་ཡོད།
         “འགྱིག་ཤོག་དྲོད་ཁང་ཆེ་མོ་བེད་སྤྱོད་བཏང་བ་བརྒྱུད་ཀྲོ་མ་ཀྲུ་ཐོན་ཚད་ལྡབ་5ཡན་མཐོ་རུ་ཕྱིན་སོང”ཞེས་ལིའུ་ཀའོ་ཆུང་གིས་བརྗོད་པ་དང་། 1998ལོར་སྐབས་དེ་དུས་ཀྱི་ཁེན་ནི་ཡའི་ཙུང་ཐུང་ཡིན་པའི་མོ་དབྱི་ཨེ་ཀེ་ཏུན་སློབ་ཆེན་དུ་ཕེབས་སྐབས་ལིའུ་ཀའོ་ཆུང་གི་འགྱིག་ཤོག་དྲོད་ཁང་ཆེ་མོར་གཟིགས་སྐོར་གནང་ནས་དེའི་ཐད་བསྔགས་བརྗོད་ཚད་མེད་གནང་བ་དང་འབྲེལ་ཁྱབ་སྤེལ་གཏོང་རྒྱུའི་སྐུལ་ལྕག་ཀྱང་གནང་བ་རེད།
          དུས་དེ་ནས་བཟུང་ཁེན་ནི་ཡའི་འབྲེལ་ཡོད་སྡེ་ཚན་གྱི་གདན་ཞུས་ལྟར་ལིའུ་ཀའོ་ཆུང་ལོ་ལྟར་རྒྱལ་ཁབ་དེའི་ས་ཁུལ་མི་འདྲ་བར་བསྐྱོད་དེ་ཞིང་པ་ཚོར་འགྱིག་ཤོག་དྲོད་ཁང་ཆེ་མོའི་འདེབས་གསོའི་ལག་རྩལ་བརྒྱུད་ཁྲིད་དང་མཛུབ་ཁྲིད་བྱས་པས་འགྱིག་ཤོག་དྲོད་ཁང་ཆེ་མོའང་ཁེན་ནི་ཡར་རིམ་གྱིས་ཁྱབ་གདལ་ཐུབ་ཡོད་པ་རེད།
         ཁེན་ནི་ཡར་ལས་ཀ་བྱས་ནས་ལོ་19སོང་བའི་ལིའུ་ཀའོ་ཆུང་གིས་སྔར་བཞིན་རྒྱུན་ཆད་མེད་པར་ཚོད་ལྟ་བྱས་ཏེ་ཁེན་ནི་ཡས་ཞིང་ལས་འཕེལ་རྒྱས་དང་ཞིང་པའི་ཡོང་འབབ་མང་དུ་གཏོང་རྒྱུར་རོགས་རམ་བྱེད་ཅིང་། ཁོང་གིས་ཁེན་ནི་ཡའི་ཞིང་པ་མང་ཆེ་བས་གཞི་ཁྱོན་ཆུང་བའི་ཞིང་ལས་ཐོན་སྐྱེད་བྱེད་པས་དཔལ་འབྱོར་གྱི་ཕན་འབྲས་ཡག་པའི་འདེབས་འཛུགས་རྣམ་གྲངས་དཀོན་པོ་ཡོད་ཅེས་བརྗོད།
         ཝ་ཉི་ཁུ་ནི་ནེ་རོ་པིའི་ཡོང་འབབ་དམའ་བའི་སྡེ་ཁུལ་ཞིག་ཏུ་སྐྱེས་པ་དང་དེ་ཁུལ་གྱི་ན་གཞོན་མང་པོ་ཞིག་ལ་ལས་ཀ་མེད་པ་རེད། ཁོ་མོ་ལོ་བཅུ་ལྷག་ཙམ་ལ་ཨ་མ་གྲོངས་པ་དང་། སྤུན་མཆེད་ཀྱི་རོགས་རམ་འོག་ཁོ་མོ་དང་གཅེན་གཅུང་མིང་སྲིང་འཚར་ལོངས་བྱུང་ཡོད་པ་རེད། 2014ལོར་ཀྲུང་གོའི་ལམ་ཟམ་ཀུང་སིས་ཁེན་ནི་ཡར་སྐྲུན་འགན་ཁུར་བའི་ནེ་རོ་པི་ནས་མོང་པ་སའི་བར་གྱི་ལྕགས་ལམ(མོང་ནེ་ལྕགས་ལམ)རྣམ་གྲངས་ལ་ལག་རྩལ་མི་སྣ་བསྡུ་སྐབས་སློབ་ཆེན་ཐོན་མ་ཐག་པའི་ཝ་ཉི་ཁུ་བདེ་བླག་ངང་ཚུད་པ་རེད།
         མིག་སྔར་ཝ་ཉི་ཁུ་མོང་ནེ་ལྕགས་ལམ་གྱི་མོང་པ་སའི་མཐའ་མའི་བབས་ཚུགས་ལས་ཡུལ་དུ་ལས་ཀ་བྱེད་བཞིན་ཡོད་པ་དང་། གཙོ་བོ་ཁེན་ནི་ཡ་ཕྱོགས་ཀྱི་མི་སྣར་དོ་དམ་བྱེད་པའི་ལས་ཀ་དང་དེ་བཞིན་ཀྲུང་ཁེན་རྒྱལ་ཁབ་གཉིས་པོའི་མི་སྣའི་དབར་འབྲེལ་གཏུག་བྱེད་པའི་ལས་འགན་ཁུར་གྱི་ཡོད་པ་རེད། ཕྱོགས་གཅིག་ནས་ཡོང་འབབ་བརྟན་པོ་བྱུང་སྟེ་དཔལ་འབྱོར་ཐད་ནས་རང་ཉིད་ཀྱི་གཅེན་གཅུང་མིང་སྲིང་ལ་རོགས་རམ་བྱེད་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་ད་དུང་རང་ཉིད་ཀྱི་རྩལ་ནུས་རྒྱུན་ཆད་མེད་པར་སྦྱོང་བ་དང་ཆེ་རུ་གཏོང་ཐུབ་ཀྱི་ཡོད་པས་ཁོ་མོས་རང་ཉིད་ཀྱི་ལས་ཀར་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད།
         མོང་ནེ་ལྕགས་ལམ་གྱི་ཨར་སྐྲུན་དུམ་བུར་ཝ་ཉི་ཁུ་འདྲ་བའི་ཁེན་ནི་ཡའི་ན་གཞོན་ལས་བཟོ་གང་སར་མཐོང་རྒྱུ་ཡོད་ཅིང་། 2016ལོའི་ཟླ་8པའི་བར་མོང་ནེ་ལྕགས་ལམ་རྣམ་གྲངས་ཀྱིས་ཁེན་ནི་ཡར་ལས་ཞུགས་ལས་གནས་ཁྲི་4ལྷག་ཙམ་བཏོད་ཡོད་པ་དང་ལག་རྩལ་མི་སྣ་ཁྲི་2ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད་པ་རེད།
         ཁེན་ནི་ཡའི་ནེ་རོ་པི་སློབ་ཆེན་དཔལ་འབྱོར་རིག་པའི་རིགས་གཅིག་མཁས་ཅན་པི་སེ་ཝེར·ཅི་ནུའོ་ཤིས་ཡས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་ཨ་ཧྥེ་རི་ཁའི་རྨང་གཞིའི་སྒྲིག་བཀོད་དང་། དྭངས་གཙང་ནུས་རྒྱུ། བཟོ་སྐྲུན་ལས་རིགས་སོགས་ཀྱི་ཁྱབ་ཁོངས་སུ་ཀྲུང་གོས་མ་འཇོག་དང་རོགས་སྐྱོར་བྱས་ཏེ་དེ་ཁུལ་དུ་ལས་ཞུགས་ལས་གནས་མང་པོ་བཏོད་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱེད་ཆེད་སྒུལ་ཤུགས་ཧ་ཅང་ཆེན་པོ་བསྣན་ཡོད་ཅེས་བརྗོད།
         “འདས་ཟིན་པའི་ལོ་40ལྷག་ཙམ་ནང་ཀྲུང་གོའི་དབུལ་སྐྱོར་བྱ་གཞག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་པས་ཀྲུང་གོའི་དབུལ་སྐྱོར་ཉམས་མྱོང་ལ་ཁེན་ནི་ཡ་དང་ཨེ་ཧྥེ་རི་ཁའི་རྒྱལ་ཁབ་གཞན་དག་གིས་སློབ་སྦྱོང་བྱེད་འོས་པ་ཞིག་ཡོད”ཅེས་ཁེན་ནི་ཡའི་ཉ་ལས་དང་རྒྱ་མཚོའི་དཔལ་འབྱོར་པུའི་པུའུ་ཀྲང་གཞོན་པ་སྨི་ཆི་ཉི·ཨེན་ཏི་པས་ཉེ་དུས་གསར་འགོད་པར་དེ་ལྟར་བརྗོད།
         ཉེ་ལམ་ལོ་ཤས་རིང་ཁེན་ནི་ཡའི་དཔོན་རིགས་ཁག་གཅིག་སྔ་རྗེས་སུ་ཀྲུང་གོར“ཉམས་མྱོང་ལེན་པར”ཡོང་ཞིང་། འདི་ལོའི་ཟླ་6པར་ཁེན་ནི་ཡའི་ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ལི་ཁྲ་ཏེ·ལའེ་སི་ཡ་ཕི་ཀྲུང་གོའི་གྲོང་ཁྱེར་མང་པོ་ཞིག་ཏུ་བསྐྱོད་དེ་གྲོང་གསེབ་དང་ཁེ་ལས་ལ་རྟོག་ཞིབ་བྱས་པ་དང་འཆད་ཁྲིད་ཉན་ཏེ་དབུལ་ཕོངས་དང་བཀྲེས་ལྟོགས་ཀྱི་གནད་དོན་སེལ་བའི་ཐད་ཀྱི་ཀྲུང་གོའི་གྲུབ་འབྲས་ལྡན་པའི་ཉམས་མྱོང་ཤེས་རྟོགས་བྱས།
         “ཀྲུང་གོ་དང་ཁེན་ནི་ཡས་ཁྱབ་ཁོངས་མང་པོ་ཞིག་ཏུ་མཉམ་ལམ་དམ་ཟབ་བྱས་ཡོད་པས་ཁེན་ནི་ཡས་དབུལ་སྐྱོར་ཁྱབ་ཁོངས་ནང་ཀྲུང་གོའི་གྲུབ་འབྲས་ལྡན་པའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་དགོས”ཞེས་ཨེན་ཏི་པས་བརྗོད་ཀྱི་འདུག
      

    ཕྱོགས་བསྡུས་གསར་འགྱུར།