འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་སྐོར་ལས་རིགས་དར་སྤེལ་བཏང་། མང་ཚོགས་འཚོ་བ་དར་ཞིང་རྒྱས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་05ཉིན། 12:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་31ཉིན་གྱི་ཕྱི་དྲོ་ཀོང་ཤིས་ཏཱ་ཤིན་རྫོང་ཧྲོའོ་ལུང་སྡེ་ཁུལ་གྱི“གྲོང་མིའི་སྔོ་ཚོད་ཟ་ཁང”དུ་ཡུལ་སྐོར་བ་རྒྱུན་མི་ཆད་པར་སླེབས་ཤིང་། སྦྱིན་བདག་ཧྭང་ཁང་ཡུས་ཀྱིས“ཉེ་དུས་ཉིན་ལྟར་ཚལ་སྒྲོག་ཙེ་བཅུ་གྲངས་བཟོ་དགོས་པས། ལས་ཀ་མ་ཚར་ཤིག་ཤིག་བྱ་རྒྱུ་འདུག”ཅེས་བྲེལ་འཚུབ་ཆེན་པོའི་སྒོ་ནས་བཤད་བྱུང་།
         ལོ་23ལ་སླེབས་པའི་ཧྭང་ཁང་ཡུས་ལོ་འགའ་ཤས་གོང་ཡུལ་གཞན་དུ་གླ་པ་སྐྱོད་ཀྱི་ཡོད། ཡིན་ནའང་ན་ནིང་ཁོང་གིས་ཕ་ཡུལ་དུ་ཕྱིར་ལོག་བྱས་ཏེ་གྲོང་ཚོའི་གཞུང་ལམ་གྱི་འགྲམ་དུ་སྨི་ངོས་གྲུ་100ལྷག་ཙམ་ཡོད་པའི་ཟ་ཁང་ཆུང་ཆུང་ཞིག་བཙུགས་པ་རེད། དུས་ཆེན་དང་ངལ་གསོའི་རིང་དེ་གར་ཚོང་ཧ་ཅང་རྒྱུག་པོ་ཡོད་པས། རང་ཉིད་ཀྱི་སྤུན་མཆེད་རོགས་པར་སྐད་གཏོང་དགོས་བྱུང་བ་རེད། ཟླ་བ་དང་པོའི་ཚེས་གཉིས་ཉིན་ནས་འགོ་བཙུགས་ཏེ་ཟ་ཁང་དེས་ཆ་སྙོམས་ཉིན་རེར་ཡུལ་སྐོར་བ་150ཡས་མས་ལ་སྣེ་ལེན་བྱས་པ་དང་ཉིན་རེར་ཚོང་གཉེར་ཡོང་འབབ་སྒོར་6000ཙམ་ཟིན་ཡོད།
         སྨྱུག་གདན་དང་། སྨྱུག་ཤིང་། འགྱིག་གི་མེ་ཏོག་བཅས་ཀྱིས་བརྒྱན་པའི་ཟ་ཁང་དེར་ཡུལ་དེ་གའི་ཁྱད་ཆོས་ཟབ་མོ་ལྡན་ཡོད། ལྟག་སྒོའི་ཕྱི་ངོས་སུ་ཤིང་ཁང་ཉིས་ཐོག་མ་ཞིག་ཡོད་པ་དེ་ཏག་ཏག་གཞུང་ལམ་དང་རྒྱུག་ཆུ་དང་ཁ་སྤྲོད་ཡིན་པས། སྐུ་མགྲོན་ཚོས་ཁང་པའི་ཐོག་ཁ་ནས་བཟའ་བཏུང་བྱེད་ཀྱིན་མཛེས་ལྗོངས་མྱོང་རོལ་བྱེད་ཆོག་གི་ཡོད། སི་ཁྲོན་ཁྲེང་ཏུའུ་ནས་ཡིན་པའི་སྐུ་ཞབས་ཀོའོ་ལགས་ཀྱིས། ང་དང་ནང་མི་ཚང་མ་རྒྱལ་ཟླའི་ཚེས་ཉི་ཤུ་རྩ་ལྔ་ཉིན་རང་ཉིད་ཀྱིས་རླངས་འཁོར་བཏང་སྟེ་ཏཱ་ཤིན་དུ་ཡུལ་སྐོར་ལ་བསྐྱོད་པ་དང་ཉིན་གསུམ་རིང་ཏཱ་ཤིན་རྫོང་གི་མཛེས་ལྗོངས་ཁུལ་མང་དག་ཅིག་ལ་ཕྱིན་པ་ཡིན། ཁོང་གིས་སྒྲོག་རྩེའི་ཐོག་ཏུ་བཤམས་པའི་ཚལ་ལ་མཛུབ་མོ་བཙུགས་ཏེ“ལྟ་དུས་མིག་ལ་མཛེས་པ། བཟས་ན་བྲོ་བ་ཆེན་པོ་འདུག”ཅེས་གསར་འགོད་པར་བཤད།
          ཧྲོའོ་ལུང་སྡེ་ཁུལ་ཧྲ་ཐུན་གྲོང་ཚོའི་གྲོང་མི་ཧྭང་ཧྲའོ་ཀྲང་གིས། ཧྲ་ཐུན་གྲོང་ཚོ་ནི་དུད་ཚང་50དང་གྲོང་མི་200ལྷག་ཡོད་པའི་མཐའ་མཚམས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་རེད། ཡུལ་གཞན་དུ་གླ་པ་བསྐྱོད་པ་ཕུད། དེ་གའི་གྲོང་མིའི་དཔལ་འབྱོར་ཡོངས་ཁུངས་གཙོ་བོ་ནི་ཡུལ་སྐོར་ཡོང་འབབ་རེད། མིག་སྔར་གྲོང་ཚོ་ཡོངས་སུ་དུད་ཚང་6གིས་ཞིང་ཁྱིམ་ཟ་ཁང་བཙུགས་པར། ལོའི་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་ཟིན་པ་དང་། མི་60ལྷག་ཙམ་ལས་ཞུགས་ཐུབ་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།