འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།དཔྱིད་གསར་དུས་ཆེན་རིང་ཧྥ་རན་སེར་ཀྲུང་གོ་ནས་ཡོང་བའི་ཡུལ་སྐོར་བ་མང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་04ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་2ཉིན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཀྲུང་གོ་རྒྱལ་ཁོངས་གྲོལ་ནས་ཡུལ་སྐོར་དུ་འགྲོ་བའི“རྫོགས་ལྡན་གཟའ་འཁོར”དུ་གྱུར་པས་ཧྥ་རན་སེའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་དང་ཅ་དངོས་ཉོ་སྒྲུབ་ཐོན་ཁུངས་ལ་ཀྲུང་གོའི་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད། དཔྱིད་གསར་དུས་ཆེན་རིང་ཧྥ་རན་སེར་ཀྲུང་གོ་ནས་ཡོང་བའི་ཡུལ་སྐོར་བ་མང་དུ་ཕྱིན་ཏེ་བདེ་འཇགས་ཀྱི་གནད་དོན་འཕྲད་པ་མ་ཟད། གྲང་ངར་ཆེ་བའི་དགུན་དུས་ཀྱི་ཧྥ་རན་སེའི་ཡུལ་སྐོར་ལས་རིགས་ལ་རེ་བ་གསར་པ་སྦྱིན་ཡོད།
        “དཔྱིད་གསར་དུས་ཆེན་དེ་ད་ཆ་ཧྥ་རན་སེར་ཡུལ་སྐོར་དུ་ཡོང་བའི་དུས་ཚིགས་ཤིག་ཏུ་གྱུར་པ་དང་དེའི་རིང་ཧྥ་རན་སེར་ཡོང་མཁན་ཀྲུང་གོའི་ཡུལ་སྐོར་བའི་གྲངས་ཚད་རྒྱུན་གཏན་ལས་20%ཙམ་མང་བ་འདུག”ཅེས་ཧྥ་རན་སེའི་ཝུན་ཧྭ་ཡུལ་སྐོར་ལས་དོན་ཁང་གི་ཏུང་ཧྲི་ཀྲང་ལི་ཞའོ་ཐུང་གིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་འདི་ལྟར་བརྗོད་བྱུང་།
        ཁོང་གིས་ཀྲུང་གོ་བས་ངེས་པར་དུ་ཁྱིམ་དུ་ལོ་གསར་གཏོང་དགོས་པའི་སྲོལ་རྒྱུན་གྱི་འདུ་ཤེས་ལ་འགྱུར་ལྡོག་འགྲོ་བཞིན་པའི་སྐབས་ཧྲེན་ཀེན་གྲོང་ཁྱེར་གྱི་ཐོངས་མཆན་འདུན་ཞུའི་འགྲོ་ལུགས་གཉེར་རྒྱུ་སྟབས་བདེ་རུ་བཏང་བས་མི་མང་པོ་ཞིག་གིས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་སྐབས་ཧྥ་རན་སེར་ཡུལ་སྐོར་དུ་ཡོང་རྒྱུ་གདམ་ག་བྱ་ཚུལ་ངོ་སྤྲོད་བྱས་བྱུང་།
         དཔྱིད་གསར་དུས་ཆེན་རིང་ཀྲུང་གོ་ནས་ཡོང་བའི་ཡུལ་སྐོར་བས་ཅ་དངོས་འབོར་ཆེན་ཉོ་བ་དེས་ཧྥ་རན་སེའི་ཚོང་པར་ཡང་ཚོང་གི་གོ་སྐབས་བཟང་པོ་བྱུང་ཡོད། གནམ་ཐང་ནས་ཨར་ཁང་བར་དང་བརྒྱ་ཟོག་ཚོང་ཁང་ནས་ཨའོ་ཐེ་ལའེ་སི་བར་གྱི་འཛད་སྤྱོད་བྱ་ཡུལ་ཕལ་ཆེ་བས་ཆེད་མངགས་ཀྲུང་གོའི་ཡུལ་སྐོར་བས་དམིགས་པའི་གཟིགས་སྐྱོང་བྱེད་སྒོ་ཁྱབ་གདལ་གཏོང་བ་དང་ཆབས་ཅིག་ཀྲུང་གོའི་ལུགས་རྙིང་ལོའི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་རྣམ་པ་བཀོད་སྒྲིག་བྱས་ནས་དཔྱིད་གསར་དུས་ཆེན་གྱི“རིག་གནས་ཁྱད་ཆོས”ལྡན་པར་བྱས་ཏེ་ཀྲུང་གོའི་ཡུལ་སྐོར་བ་འགུག་ཐབས་བྱེད་ཀྱི་ཡོད།
         སྐུ་ངོ་བརྒྱ་ཟོག་ནི་ཀྲུང་གོའི་ཡུལ་སྐོར་བས་རྒྱུས་མངའ་ཆེ་ཤོས་ཀྱི་ཚོང་ཁང་གྲས་ཤིག་རེད། སྐུ་ངོ་བརྒྱ་ཟོག་ཀུང་སིའི་ཨེ་ཤེ་ཡའི་ཁྲོམ་རའི་འགན་ཁུར་བ་ཡ་ཤིན་·པང་ཁེ་ལི་ཐེ་ལིས་གསར་འགོད་པར“འདས་པའི་ལོ་གཅིག་རིང་ཡུལ་སྐོར་ལས་རིགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ནས་ཚོང་པར་ཚོང་ཡག་པོ་བྱུང་མེད། དཔྱིད་གསར་དུས་ཆེན་རིང་ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བ་ཡོང་རྒྱུའི་རེ་སྒུག་བྱས་ནས་2017ལོར་འགོ་ཡག་པོ་ཞིག་འཛུགས་ཐུབ་རེ་བྱེད་ཀྱི་ཡོད”ཅེས་བརྗོད་བྱུང་།
         ཧྥ་རན་སེའི་གཞུང་ཕྱོགས་ཀྱི་ཚོད་རྩིས་ལ་གཞིགས་ན། 2016ལོར་ཧྥ་རན་སེས་སྣེ་ལེན་ཞུས་པའི་ཀྲུང་གོའི་ཡུལ་སྐོར་བའི་གྲངས་ཚད་མི་ཐེངས་ཁྲི་160ཟིན་པ་དེ་2015ལོ་དང་བསྡུར་ན་ཉུང་དུ་སོང་ཡོད་ཀྱང་ཀྲུང་གོ་ནས་ཡུལ་སྐོར་དུ་ཡོང་མཁན་རྣམས་སྔར་བཞིན་ཧྥ་རན་སེའི་རྒྱལ་སྤྱིའི་ཡུལ་སྐོར་བའི་ཚོགས་པ་གལ་ཆེན་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།