འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཁྲོད་ཀྱི་ཀྲུང་གོའི་དཔྱིད་གསར་དུས་ཆེན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་04ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་རྒྱལ་ནང་དུ་ལྒང་བཞུ་དང་དར་ཚོན་གྱིས་བརྒྱན་ནས་ལོ་གསར་གཏོང་བའི་སྐབས་ཕ་ཁི་སི་ཐན་ཕང་ཀྲེ་ཕུའུ་ཞིང་ཆེན་མུར་ཐན་གྲོང་ཁྱེར་གྱི་པ་ཧ་ཏིང·ཀྲ་ཁ་ལི་ཡ་སློབ་ཆེན་གྱི་སློབ་གྲྭའི་ནང་་དུའང་དུས་ཆེན་གྱི་དགའ་སྤྲོའི་རྣམ་པ་ཟབ་མོ་ལྡན་ཡོད། དཔྱིད་གསར་དུས་ཆེན་གོང་གི་ཉིན་ཞིག་ས་ཆ་དེ་གའི་དམངས་ཚོགས་2000ལྷག་ཙམ་སྔ་ས་ནས་སློབ་གྲྭའི་ཚོགས་ཁང་དུ་ཡོང་ནས་ཁོང་ཚོས་སེམས་རྩ་འཁོལ་པོས་ལག་པ་གཏོང་བ་དང་འཐམ་རེས་བྱེད་བཞིན་མཛའ་བརྩེའི་ངང་སྤེལ་རེས་བྱེད་པའི་ཁོར་ཡུག་ཧ་ཅང་འཁྲུག་ཆ་དོད་པོ་ཞིག་ཡོད་ཅིང་། དེ་གར་མུར་ཐན་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་མངགས་ལམ་ཐིག་གི་རྣམ་གྲངས་ཨར་རྒྱག་ལེགས་གྲུབ་ཟིན་པའི་མཛད་སྒོ་གཟབ་རྒྱས་ངང་སྤེལ་བཞིན་མཆིས།
         སྐུ་མགྲོན་ཁྲོད་ཀྲུང་གོ་བ་ན་གཞོན་ཁ་ཤས་མངོན་གསལ་ཧ་ཅང་དོད་པོ་ཡོད་པ་དེ་དག་ནི་ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོ་ལྕགས་ལམ་ཅུས་དང་པོའི་ཡན་ལག་ཀུང་སིའི་ལས་བཟོ་ཡིན་ཞིང་། ཀྲུང་གོ་ལྕགས་ལམ་ཅུས་དང་པོས་རྣམ་གྲངས་ནང་གི་ཨར་ལས་དཀའ་ཚད་ཆེ་ཤོས་ཀྱི་ཨར་རྒྱག་ལས་འགན་འཁུར་ནས་རྣམ་གྲངས་ཡོངས་དུས་བཀག་ལྟར་ལེགས་གྲུབ་ཐུབ་ཆེད་ནུས་པ་གལ་ཆེན་བཏོན་པར་ཕ་ཁི་སི་ཐན་ཕྱོགས་ཀྱི་ཚད་མཐོའི་གདེང་འཇོག་ཐོབ་པ་རེད།
         དུས་ཆེན་འཆར་སྐབས་གཉེན་ཉེ་ལྷག་པར་དྲན།
         དུས་ཆེན་ནི་བདེ་སྐྱིད་ལྡན་པའི་དུས་སྐབས་ཤིག་ཡིན་མོད། འོན་ཀྱང་མི་ལ་ལའི་ངོས་ནས་བརྗོད་ན་ཁོང་ཚོས་དུས་ཆེན་གཏོང་རེ་བྱེད་ལ་དུས་ཆེན་ལ་སྐྲག་སྣང་ཡང་སྐྱེ་གི་ཡོད།
         མུར་ཐན་རྣམ་གྲངས་དོ་དམ་ལས་དོན་ནང་ཞུགས་པའི་ལོ་རབས་དགུ་བཅུའི་ནང་སྐྱེས་པའི་ལིའུ་ཞུས་ཕིང་ནི་ཧྲའན་ཤིས་བ་ཞིག་ཡིན་པ་དང་སློབ་གྲྭ་ཆེན་མོ་ཐོན་རྗེས་ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོ་ལྕགས་ལམ་ཅུས་དང་པོའི་ཡན་ལན་ཀུང་སིར་ལས་ཀ་བྱེད་ཅིང་། འདི་ལོ་ནི་ཁོང་གིས་ཕ་ཁི་སི་ཐན་དུ་དཔྱིད་གསར་དུས་ཆེན་གཏོང་ཐེངས་གཉིས་པ་རེད།
         “ངའི་དགའ་གྲོགས་ནི་སློབ་འབྲིང་སྐབས་ཀྱི་སློབ་གྲོགས་ཡིན་པ་དང་ལོ་མང་ནང་ཧ་ལམ་ས་ཆ་གཉིས་སུ་སོ་སོར་སྡོད་ཀྱི་ཡོད། མ་གཞི་བྱས་ན་འདི་ལོའི་དཔྱིད་གསར་དུས་ཆེན་སྐབས་ངེད་གཉིས་པོའི་ཕ་མ་དང་ཐུག་འཕྲད་བྱས་ཏེ་གཉེན་སྒྲིག་སྐོར་གྲོས་བསྡུར་བྱེད་རྩིས་ཡོད་མོད། འོན་ཀྱང་ད་ཆ་སླར་ཡང་མཚམས་མི་འཇོག་ཀ་མེད་དུ་འགྱུར། ཁོང་གིས་སྐབས་རེ‘ཁྱེད་རང་ལོག་པའི་སྐབས་སུ་ང་རྒས་འཁོགས་ཆགས་ཀྱི་རེད’ཅེས་ཀུ་རེའི་ཚུལ་གྱིས་ཤོད་པ་ལས་རང་ཉིད་ལ་རྟག་ཏུ་བསམ་ཤེས་བྱེད་པ་དང་སེམས་གཏིང་གི་སྐྱོ་སྣང་བཟོད་བསྲན་བྱེད་ཀྱི་ཡོད”ཅེས་ལིའུ་ཞུས་ཕིང་གིས་བཤད།
        ཝེ་ལེ་ནི་ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོ་ལྕགས་ལམ་ཅུས་དང་པོའི་ཡན་ལག་ཀུང་སིའི་M4མྱུར་བགྲོད་གཞུང་ལམ་གྱི་དུས་ཐེངས་གཉིས་པའི་Bདུམ་བུའི་རྣམ་གྲངས་ཅིང་ལི་ཡིན་པ་དང་ད་ཐེངས་སྤྱི་ལེ་200ལྷག་ཙམ་གྱི་ཕྱི་རོལ་ནས་ཆེད་མངགས་མུར་ཐན་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་ཐིག་རྣམ་གྲངས་ཀྱི་ཨར་རྒྱག་ལེགས་གྲུབ་ཟིན་པའི་མཛད་སྒོར་སླེབས་ཡོད།
        ཝེ་ལེས“ངའི་བུ་མོ་ལོ་གཅིག་དང་ལོ་ཕྱེད་ལ་སླེབས་ཀྱང་ཁོང་དང་མཉམ་སྡོད་ཀྱི་དུས་ཚོད་ཟླ་བ་གཅིག་ཀྱང་ཟིན་གྱི་མེད། ད་ཆ་དྲ་རྒྱ་ཧ་ཅང་སྟབས་བདེ་བས་བརྙན་ལམ་བརྒྱུད་བུ་མོ་མཐོང་ཐུབ་མོད། འོན་ཀྱང་བུ་མོ་པང་དུ་བཏབ་ནས་རྩེད་མོ་རྩེ་བར་ཁྲིད་འདོད་ཆེན་པོ་འདུག་ལ་པཱ་ལགས་ཅེས་འབོད་པའང་ཉན་འདོད་ཆེན་པོ་འདུག”ཅེས་བཤད།
        སྔོན་ལ་ལས་དོན་སྒྲུབ་པ་དང་རྗེས་སུ་དུས་ཆེན་གཏོང་བ།
         ཝེ་ལེས“དཔྱིད་གསར་དུས་ཆེན་ནི་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་ཡིན་པ་དང་ལས་ཀ་གལ་ཆེན་པོ་ཇི་ཙམ་ཡོད་རུང་ལོ་གསར་གཏོང་གི་ཡོད་པས་ཁྱིམ་མི་མི་དྲན་པ་ག་ལ་སྲིད”ཅེས་བཤད།
        ཝེ་ལེ་ནི་ཤིན་ཅང་བ་ཡིན་པ་དང་ཕྱི་རྒྱལ་དུ་ལས་ཀ་བྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། 2010ལོ་ནས་བཟུང་ཝེ་ནེ་ཙུའེ་ལ་དང་། ཁུ་པ། ཕེ་རུ་སོགས་རྒྱལ་ཁབ་ཏུ་ལས་ཀ་བྱེད་མྱོང་བ་དང་2015ལོར་ཕ་ཁི་སི་ཐན་ཡན་ལག་ཀུང་སིར་ལས་སྒྱུར་བྱས།
       ཁོང་གིས་རྣམ་གྲངས་སྐྲུན་ཡུལ་དུ་ལོ་ཆུང་གཏོང་བའི་ཉིན་ནས་དཔྱིད་གསར་ཆ་ཡིག་འབྱར་བ་དང་། ལྒང་བཞུ་བཀལ་བ། ཟ་ཁང་ནང་དུས་བདེ་མཚོན་པའི་མཛེས་རྒྱན་སྤྲས་པ། གཞུང་དོན་ཁང་ཚང་མའི་སྒེའུ་ཁུང་དུ་ཤོག་དྲས་མེ་ཏོག་འབྱར་བ་བཅས་བྱས་ཡོད། རྣམ་གྲངས་བྲེལ་བརྩོན་ཆེན་པོས་བྱེད་བཞིན་ཡོད་སྟབས“ལས་ཡུལ་དུ་ཤོག་སྦག་གི་སྒྲ་ཐོས་རྒྱུ་མེད་པ་དང་དཔྱིད་གསར་སྐྱེལ་འདྲེན་བྱེད་པའི་འཚང་ཁ་མེད་ལ་དུས་ཆེན་གཏོང་བའི་རྣམ་པའང་མངོན་རྒྱུ་མེད”ཅེས་བཤད།

    “ཉིན་ལྟར་ཟམ་པ་སྐྲུན་པའི་མྱུར་ཚད་ཐད་ལ་བསམ་བློ་གཏོང་མང་ཤོས་ཡིན་པ་དང་ལོ་གསར་གཏོང་བའི་སྐབས་ཀྱང་ཀྲུང་གོ་ཕྱོགས་ཀྱི་མི་སྣས་སྔོན་ལ་ལས་དོན་བཀོད་སྒྲིག་ཡག་པོ་བྱས་ཏེ་ས་གནས་ས་ཐོག་གི་ཨར་རྒྱག་འགན་ལེན་བྱེད་ཀྱི་ཡོད”ཅེས་ཝེ་ལེས་བཤད་པ་དང“ལས་ཀའི་ལས་ཕྱོད་དེ་ཁེ་ལས་ཀྱི་ཕན་འབྲས་དང་འབྲེལ་བ་ཡོད་པ་མ་ཟད། ཁེ་ལས་ཀྱི་སྙན་གྲགས་དང་གཟུགས་བརྙན་དང་དེ་བས་འབྲེལ་བ་ཡོད”ཅེས་བཤད།
        ཕུགས་འདུན་འགྲུབ་ཆེད་གནོང་འགྱོད་སྤུ་ཙམ་མེད་པ།
        ཝེ་ལེའི་ཁྱིམ་ཚང་ཆ་རྐྱེན་ཧ་ཅང་ཡག་པོ་ཡོད་མོད། འོན་ཀྱང་ཕ་མ་གཉིས་པོས་ཁོང་ལ“ས་ཐག་ཇི་ཙམ་རིང་བར་འགྲོ་ཐུབ་ཚེ་འགྲོ་རྐྱང་བྱེད་དགོས”ཞེས་སློབ་གསོ་རྒྱག་པ་དང་ལས་ཀའི་ཐད་ལའང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
        “རང་ཉིད་ཁོ་ནར་བརྟེན་པ་ལས་ལྷག་པ་མེད་པ་ཤེས་ནས་སློབ་གྲྭ་ཐོན་པའི་ལོ་དེར་ཕྱི་རྒྱལ་དུ་ལྟ་ཙམ་བྱེད་པར་འགྲོ་འདོད་བྱུང་ཡོད”ད་ཆ་ཝེ་ལེར་ཞབས་ཏོག་ཞུ་རྒྱུའི་བགྲེས་སོང་དང་གསོ་སྐྱོང་བྱ་རྒྱུའི་ཕྲུ་གུ་ཡོད་ཅིང་། ཁོང་གིས་བྱ་བ་གང་འདྲ་ཞིག་སྒྲུབ་དགོས་ཀྱང་ཁ་དན་ཚིག་གནས་དང་མགོ་ཡོད་མཇུག་ཡོད་བྱེད་དགོས་པ་མ་ཟད་ནང་མིར་འཚོ་བ་དེ་བས་ཡག་པ་སྐྱེལ་རྒྱུ་ཡོང་ཆེད་ནུས་ཤུགས་ཡོད་རྒུས་རང་འཁྲིའི་ལས་འགན་ཡག་པོ་སྒྲུབ་དགོས་ཞེས་བཤད།
         ལིའུ་ཞུས་ཕིང་གིས་རང་ཡུལ་དུ་ལོག་ནས་དཔྱིད་གསར་དུས་ཆེན་གཏོང་བའི་གོ་སྐབས་ཤོར་མོད། འོན་ཀྱང་ཕ་ཁི་སི་ཐན་དུ་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱིས་རྒྱལ་ཁབ་འདིར་གསོན་ཤུགས་སྦྱིན་པ་དང་འགྱུར་ལྡོག་བཏང་བ་མཐོང་རྗེས་དེའི་ནང་ཞུགས་པའི་ཀྲུང་གོའི་བཟོ་སྐྲུན་པ་ཞིག་གི་ངོས་ནས་སྤོབས་པ་ཚད་མེད་སྐྱེས་བྱུང་། “ཧུར་བརྩོན་ཡར་ཐོན་གྱི་སེམས་ཤུགས་འདི་རིགས་ལས་རང་ཉིད་ཀྱིས་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་ས་གཞི་དེའི་སྟེང་དུ་མུ་མཐུད་མཐའ་འཁྱོངས་དང་མདུན་སྐྱོད་བྱེད་པར་སྐུལ་མ་ཐེབས་བྱུང”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།