འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།གསར་དུ་བདམས་ཐོན་བྱུང་བའི་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཡིས་བོད་ལྗོངས་ཀྱི་
    འཕེལ་རྒྱས་དེ་བས"ཚ་དྲོད"ལྡན་པ་དང་དམངས་འཚོའི་བདེ་སྐྱིད་དེ་བས"དངོས་
    ཚོར"ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་16ཉིན། 15:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གསར་དུ་བདམས་ཐོན་བྱུང་བའི་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཡིས་བོད་ལྗོངས་ཀྱི་
འཕེལ་རྒྱས་དེ་བས'ཚ་དྲོད'ལྡན་པ་དང་དམངས་འཚོའི་བདེ་སྐྱིད་དེ་བས'དངོས་
ཚོར'ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ།
             མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་15ཉིན་གྱི་ཕྱི་དྲོ་གསར་དུ་བདམས་ཐོན་བྱུང་བའི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་ལྗོངས་མི་དམངས་ཚོགས་ཁང་དུ་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་བཅར་འདྲིར་ཡོང་བའི་ལྗོངས་ཕྱི་ནང་གི་གསར་འགོད་པར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད།
              དཔལ་དང་གཟི་བརྗིད་ལྡན་པའི་རྒྱལ་རྟགས་ཀྱི་མདུན་དུ་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་རྗེས་ཀྱི་ཆོད་སེམས་དང་ལས་དོན་བསམ་ཕྱོགས་མཚོན་པར་གནང་བ་རེད།
             ཆེ་དགྲ་ལྷས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཀའ་མངགས་གལ་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཡིད་ཆེས་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་རྒྱུས་ཀྱི་མཐུད་རྒྱུག་བླངས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱུགས་ར་གསར་པར་སྐྱོད་སྐབས་རང་ཉིད་ལ་ལས་འགན་དཀའ་ཚེགས་ཤིན་ཏུ་ཆེ་བ་དང་འགན་འཁྲི་ཧ་ཅང་ལྕི་བའི་ཚོར་སྣང་ཟབ་མོ་བྱུང་། སླད་ཕྱིན་ངས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཐའ་སྲུང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། བློ་མཐུན་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། དེ་བཞིན་སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་སྲིད་གཞུང་དང་ལྷག་པར་དུ་དེ་སྔའི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་བཏིང་གནང་བའི་རྨང་གཞི་བཟང་པོའི་ཐོག་ལེགས་རིགས་མཐའ་འཁྱོངས་བྱེད་པ་དང་། རྙིང་རིགས་འཐུས་ཚང་དུ་གཏོང་བ། གསར་རིགས་གསར་གཏོད་བྱེད་པ། གཡོ་འགུལ་མི་གཏོང་བ་དང་། ལྷོད་གཡེང་མི་གཏོང་བ། ཕར་འགྲོ་ཚུར་འགྲོ་མི་བྱེད་པ། འབད་བརྩོན་ལྷོད་མེད་ངང་བོད་ཀྱི་བརྟན་ལྷིང་ཡག་པོ་དང་། འཕེལ་རྒྱས་ཡག་པོ། འཛུགས་སྐྲུན་ཡག་པོ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཞིག་རྩོམ་ཕྱིར་སེམས་ཤུགས་དང་སྟོབས་ཤུགས་ཡོད་ཚད་ལེགས་སྐྱེས་སུ་ཕུལ་ནས། ཀྲུང་དབྱང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བཀའ་མངགས་གལ་ཆེན་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན་ཞེས་གསུངས་པ་རེད།
            སྲིད་གཞུང་གི་ལས་དོན་ཏན་ཏིག་ཡག་པོ་བསྒྲུབ་རྒྱུའི་ཐད་ཆེ་དགྲ་ལྷས་ཕྱོགས་ལྔའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཤུགས་རྒྱག་རྒྱུ་ཡིན་ཞེས་གསུངས་པ་སྟེ། གཅིག་ནས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞིང་། “འདུ་ཤེས་བཞི”དང་ལྷག་པར་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་བསམ་བློའི་ཐད་སྲོག་ཤིང་ལ་གོང་བཀུར་དང་། ཆབ་སྲིད་ཐད་སྲོག་ཤིང་ལ་ཡིད་ཆེས། སྒྲིག་འཛུགས་ཐད་སྲོག་ཤིང་ལ་ལྷག་བསམ་རྣམ་དག བྱ་སྤྱོད་ཐད་སྲོག་ཤིང་ལ་སྲུང་སྐྱོང་བཅས་རང་རྟོགས་ངང་བྱ་རྒྱུ་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དང་། གཉིས་ནས་ཐོག་མཐའ་བར་གསུམ་དུ་འགན་འཁྲི་བསྒྲུབ་རྒྱུ་ཡིན་ཞིང་། དངོས་སྒྲུབ་གོང་བཀུར་དང་དོན་འཁྱོལ་དམ་འཛིན་ལ་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པར་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏོང་བའི་གཙོ་རྐང་དེར་དམ་པོར་དམིགས་པ་བཅས་ཀྱི་སྒོ་ནས། ཤུགས་ཆེན་པོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཞན་ཆ་གསབ་རྒྱུ་དང་། ཤུགས་ཆེན་པོས་སྒྲིག་གཞི་དང་ལམ་སྲོལ་གྱི་འགོག་རྐྱེན་སེལ་རྒྱུ། ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྐྱེད་སྲིང་ཤུགས་ཆེན་བྱ་རྒྱུ། བོད་ཀྱི་རི་ཆུ་ཀུན་སྲུང་སྐྱོང་ཤུགས་ཆེན་བྱ་རྒྱུ། གསུམ་ནས་ཐོག་མཐའ་བར་གསུམ་དུ་དམངས་ཆེད་སྲིད་བརྩོན་བྱ་རྒྱུ་ཡིན་ཞིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས། དམངས་འཚོ་འགན་ལེན་དང་ལེགས་གཏོང་ཐད་སྙིང་རུས་བརྟན་འཁྱོངས་བྱེད་པ་དང་། གཞུང་དྲང་དྲང་བདེན་ལ་སྐུལ་མ་གཏོང་བར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་འཕེལ་རྒྱས་དེ་བས“ཚ་དྲོད”ལྡན་པ་དང་དམངས་འཚོའི་བདེ་སྐྱིད་དེ་བས“དངོས་ཚོར”ཐུབ་པ་བྱས་ཏེ། ཕྱོགས་ཡོངས་འབྱོར་འབྲིང་གི་རྒྱང་སྐྱོད་ལམ་བུའི་ཐོག་མང་ཚོགས་དབུལ་པོ་གཅིག་ཀྱང་གཏན་ནས་མ་ལུས་པ་བྱ་རྒྱུ། བཞི་ནས་ཐོག་མཐའ་བར་གསུམ་དུ་ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུ་ཡིན་ཞིང་། ཁྲིམས་སྐྱོང་གི་དགོངས་དོན་ལ་སྲུང་བརྩི་ཞུ་བ་དང་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་ལྟར་སྲིད་འཛིན་གྱི་བླང་བྱ་སྲིད་གཞུང་གི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་རང་རྟོགས་ངང་ལག་ལེན་བསྟར་ནས་བྱ་སྤྱོད་ཚད་ལྡན་དང་། འཁོར་སྐྱོད་མཐུན་སྦྱོར། གཞུང་དྲང་ཡོངས་བསྒྲགས། སྤྱོད་གཙང་ནུས་ཆེ་བཅས་ཀྱི་སྲིད་གཞུང་ཞིག་ཧུར་ཐག་བསྐྲུན་རྒྱུ། ལྔ་ནས་ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་རང་འདོམས་བྱ་རྒྱུ་ཡིན་ཞིང་། སྒྲིག་ཁྲིམས་དང་སྒྲིག་སྲོལ་སྔོན་ལ་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་བསྟར་རྒྱུའི་སྣེ་ཁྲིད་པ། 《ཚད་གཞི་》དང་《སྲོལ་ཡིག་》ལག་བསྟར་ནན་ཏན་བྱེད་པ། ཚན་ཁག་ལ་དམ་འཛིན་དང་དཔུང་ཁག་ལ་ཁྲིད་སྟོན་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་དམངས་ཆེད་བྱ་བ་དངོས་སྒྲུབ་པ་དང་སྤྱོད་གཙང་གི་གཟུགས་བརྙན་བཟང་པོ་གཏོད་དེ་མི་དམངས་ཀྱིས་ཡིད་ཆེས་བློ་གཏད་བཅོལ་ས་དང་ཁས་ལེན་བྱེད་པའི་སྤྱི་ཞབས་པ་ཡག་པོ་ཞིག་བྱ་རྒྱུ་བཅས་རེད།
             ཆེ་དགྲ་ལྷས་ལམ་ཐག་རིང་ཡང་བསྐྱོད་ཕྱིན་མི་སླེབས་པའི་ས་མེད་པ་དང་བྱ་བ་བསྒྲུབ་དཀའ་ཡང་སྒྲུབ་ཕྱིན་མི་འགྲུབ་པ་མེད། སླད་ཕྱིན་ངས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བློ་མཐུན་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་བཅའ་ཁྲིམས་ཀྱི་ལྟ་སྐུལ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ། གསར་འགྱུར་སྨྱན་སྦྱོར་དང་ལྗོངས་ཡོངས་མི་དམངས་ཀྱི་གླེང་ཕྱོགས་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་བཅས་ཀྱི་འོག རང་སྐྱོང་ལྗོངས་སྲིད་གཞུང་ཚན་ཁག་གི་འགོ་ཁྲིད་མི་སྣ་དང་མཉམ་དུ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་དམ་པོར་བརྟེན་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་རྒྱུ་དང་། རྒྱལ་ཡོངས་ཀྱི་ས་ཁྱོན་གྱི་བརྒྱད་ཆ་གཅིག་བཟུང་བའི་བོད་ཀྱི་ས་གཞི་ཆེན་པོར་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་ལེའུ་དེ་བས་ངོ་མཚར་ཆེ་བ་རྩོམ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།