འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ལོ་གསར་སྐབས་སྲོལ་རྒྱུན་དང་དར་སྲོལ་མཉམ་འདྲེས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་04ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་31ཉིན། གནམ་གང་དགོང་མོ་ནང་མི་ལྷན་འཛོམས་བྱེད། ཚེས་གཅིག་ལ་བཀྲ་ཤིས་བདེ་ལེགས་ཞུ། ཚེས་གཉིས་ལ་ཕ་མའི་འགྲམ་དུ་ལོག་སོགས་སྲོལ་རྒྱུན་གྱི་ལོ་གསར་གཏོང་སྲོལ་རིག་གནས་དེ་དག་ཡོད་པའི་རྐྱེན་གྱིས་དཔྱིད་གསར་དུས་ཆེན་རིང་ཀྲུང་གོ་བ་ནང་མི་ལྷན་འཛོམས་བྱེད་པའི་ལོ་གསར་གྱི་རྣམ་པ་ཟབ་མོས་ཁེངས་ཡོད།
         ཧྲན་ཤིས་ཐའེ་ཡོན་དུ་ལས་ཀ་བྱེད་མཁན་དབྱང་ཆུང་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་དུ་ལོག་ཅིང་། ཁོ་མོས་བརྗོད་པར་གཞིགས་ན། ཁྱིམ་དུ་སྔར་བཞིན་དེ་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་ལྟར་ལོ་གསར་མ་བཏང་གོང་ནས་ནང་མི་ཚང་མས་ཟླ་ཕྱེད་ཙམ་ཟ་ཐུབ་པའི་ཤ་མོག་བཟོ་གི་ཡོད་ལ། ཟས་ཕུད“མེས་པོར”འབུལ་གྱི་ཡོད། རང་རྒྱལ་གྱི་འབྲི་ཆུའི་ལྷོ་བྱང་རྒྱུད་དུ་སྐད་འཕྲིན་དང་ཁ་པར་བརྒྱུད་ནས་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་དུས་སུ་ཁོ་མོའི་ཕ་ཡུལ་དུ་སྔར་བཞིན་པུས་མོ་ས་ལ་བཙུགས་ནས་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད།
         ཧྲང་ཧའེ་རུ་ལས་ཀ་བྱས་ནས་ལོ་7སོང་བའི་ཡོན་ཨེན་ལིན་གྱིས་ལོ་ལྟར་དཔྱིད་གསར་དུས་ཆེན་རིང་ཕ་ཡུལ་ཧྲན་ཤིས་ཕིང་ཡའོ་གནའ་གྲོང་དུ་ལོ་གསར་གཏོང་བར་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅིང་། གནམ་གང་གི་དགོང་མོ་ནང་མི་བདུན་པོ་མིང་ཆིང་དུས་རབས་ཀྱི་ཁང་པ་རྙིང་པར་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ལྟ་གི་ཡོད། ཨ་མ་ལགས་ཀྱིས་ཆང་འདེད་ཚལ་རིགས་བཟོས་པ་དང་། ཁོ་པས་རང་གི་ཕ་དང་མཉམ་དུ་ཨ་རག་ཏོག་ཙམ་བཏུངས། ལོ་གསར་ཚེས་1ཉིན་སྲོལ་རྒྱུན་ལྟར་ཡོན་ཨེན་ལིན་གྱི་ནང་མི་ཚང་མས་བུ་རམ་སྐོལ་མ་འཐུང་བ་དང“ལོ་ཐུག”བཏུངས་ནས་ལོ་གཅིག་གི་བདེ་སྐྱིད་འཚོ་བ་མཚོན་པར་བྱེད་ཀྱི་ཡོད།
         “ཕ་མ་རྣམ་གཉིས་བཞུགས་ཡོད་པས་ཐག་རིང་དུ་ཡུལ་སྐོར་དུ་འགྲོ་གི་མེད། དུས་རྒྱུན་ལས་བྲེལ་ཆེ་བས་རྟག་ཏུ་ཁྱིམ་དུ་ལོག་མི་ཐུབ་མོད། འོན་ཀྱང་ལོ་གསར་གཏོང་སྐབས་ངེས་པར་དུ་ཕ་མ་དང་མཉམ་དུ་ལོ་གསར་པ་བསུ་གི་ཡོད”ཅེས་ལོ་31ལ་སླེབས་པའི་ཡོན་ཨེན་ལིན་གྱིས་བཤད། རང་ཉིད་ཀྱི་ཕ་ཡུལ་ཕིང་ཡའོ་གནའ་གྲོང་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་པར་ཁོ་པས་སྤོབས་པ་ཆེན་པོ་བྱེད་ཅིང་། ལོ་གསར་རིང་ཕ་ཡུལ་དུ་ལོག་རྗེས་ཁོ་པས་རང་གི་ཆུང་མ་དང་བུ་མོ་ཁྲིད་ནས་གནའ་གྲོང་གི་གྱང་དང་། གནའ་ཁྲོམ། སྲང་ལམ་བཅས་བསྐོར་བར་བསྐྱོད་ནས་དམངས་སྲོལ་འཁྲབ་སྟོན་ལྟ་རུ་བཅུག་ནས་རང་གི་བུ་མོས་ཆུང་ངུའི་དུས་ནས་ཕ་ཡུལ་ལ་དགའ་ཞེན་དང་ཤེས་རྟོགས་ཐུབ་པ་བྱེད་ཀྱི་ཡོད།
         མི་ཕལ་ཆེ་བ་ཕ་ཡུལ་དུ་ལོག་ནས་ལོ་གསར་གཏོང་བའི་དུས་སུ་ད་དུང་མི་ཁག་གཅིག་གིས“ནང་མི་དང་མཉམ་དུ་ཡུལ་སྐོར་དུ་འགྲོ་རྒྱུར”དགའ་པོ་བྱེད་ཅིང་། མི་རྣམས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་དང་། རྒྱལ་སྤྱིའི་དུས་གཏན་གནམ་གྲུ་མང་དུ་ཕྱིན་པ། འཐུས་མཆན་འགོད་པའི་སྲིད་ཇུས་དེ་བས་སྟབས་བདེ་རུ་ཕྱིན་པ། ཡུལ་སྐོར་འཛད་སྤྱོད་བྱེད་རྒྱ་ཆེ་རུ་ཕྱིན་པ་སོགས་ཀྱིས་ཡུལ་སྐོར་བ་མི་ཉུང་ཞིག་ཕྱི་རྒྱལ་དང་ལུང་པ་གཞན་དུ་བསྐྱོད་ནས་རང་གི་ནང་མི་དང་མཉམ་དུ་ལུགས་རྙིང་ལོའི་ལོ་གསར་གཏོང་གི་ཡོད།
         ཧྲན་ཤིས་ཧུང་ཏུང་ཚོས་སེར་སྡོང་ཤིང་ཆེན་པོའི་རིག་གནས་ལྟེ་གནས་སུ“གདུང་རབས”ཞིབ་འཇུག་བྱེད་མཁན་ཀྲང་ཆིང་ལོ་ལྔ་དྲུག་བསྟུད་མར་དཔྱིད་གསར་དུས་ཆེན་རིང“ལྷོ་ཕྱོགས་སུ་གྲང་ངར་གཡོལ་བར”བསྐྱོད་ནས་ནང་མི་དང་མཉམ་དུ་ཧའེ་ནན་ཧའེ་ཁའུ་རུ་དཔྱིད་གསར་དུས་ཆེན་གཏོང་གི་ཡོད། འདི་ལོ་ལོ་60ལ་སླེབས་པའི་ཀྲང་ཆིང་གིས་གསར་འགོད་པར་བཤད་པར་གཞིགས་ན། དུས་རྒྱུན་མི་མི་ཉུང་བ་ཞིག་ཧུང་ཏུང་ཚོས་སེར་ཤིང་སྡོང་ཆེན་པོའི་མདུན་དུ་རང་ཉིད་ཀྱི་མི་རྒྱུད་དང་མེས་པོའི་སྐོར་སྐད་ཆ་འདྲི་བར་ཡོང་གི་ཡོད། ལོ་གཅིག་རིང་ལས་བྲེལ་གྱིས་ཁེངས་པའི་ཁོ་བོས་ཚ་དྲོད་སྙོམས་པ་དང་། མཁའ་རླུང་གཙང་བ། ཆུ་གཙང་བ་བཅས་ཀྱི་ཧའེ་ཁའུ་རུ་སྐྱིད་པོའི་ངང་ཏོག་ཙམ་སྡོད་རྒྱུའི་རེ་བ་བྱེད་ཀྱི་ཡོད།
         “གནས་སྤོ་བྱེད་མཁན་མེད་ཚེ་ཀྲུང་ཧྭ་མི་རིགས་ཆགས་མི་ཐུབ”ཅེས་ཀྲང་ཆིང་གིས་ཀུ་རེའི་ཚུལ་དུ་བརྗོད་པ་དང་། ཁོང་གིས“ཧའེ་ནན་དུ་ལོ་གསར་གཏོང་བར་ཡོང་མཁན་བྱང་ཕྱོགས་ཀྱི་མི་ཧ་ཅང་མང་པོ་འདུག བྱང་ཕྱོགས་ཀྱི་ལོ་གསར་གཏོང་སྲོལ་དེ་གར་གཏོང་གི་ཡོད་པས་ལོ་གསར་གྱི་ཅའོ་ཙེ་ཞིམ་པོ་འདུག ངོ་ཐུག་གདོང་འཕྲད་ངང་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་མི་ཐུབ་ཀྱང་། ངས་དར་སྲོལ་གྱི་རྗེས་བསྙེགས་ནས་བརྙན་ལམ་བརྒྱུད་ནས་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན”ཞེས་བཤད།
         ཀྲང་ཆིང་གི་ནང་མིའི་ལོ་གསར་གཏོང་སྲོལ་ནི་ཀྲུང་གོ་བ་ཁག་གཅིག་གིས་བདམས་པའི“ལམ་ཐོག་ལྷན་འཛོམས”ཀྱི་ལོ་གསར་གཏོང་སྲོལ་གྱི་མཚོན་ཚུལ་ཞིག་ཡིན་ཞིང་། ཤིན་ཧྭ་དྲ་བ་དང་ཐུང་ཁྲེང་ཡུལ་སྐོར་གྱིས་བཀྲམ་པའི་《2017ལོའི་དཔྱིད་གསར་དུས་ཆེན་གྱི་ཡུལ་སྐོར་འཛད་སྤྱོད་འཕེལ་ཕྱོགས་ཀྱི་སྙན་ཞུའི་》ནང“རྒྱལ་ཕྱི་རྒྱལ་ནང་དུ་ཡུལ་སྐོར་དུ་སྐྱོད་མཁན”བཅར་འདྲི་དང་ལེན་བྱེད་མཁན་གྱིས་དཔྱིད་གསར་དུས་ཆེན་རིང་ཐག་རིང་དུ་ཡུལ་སྐོར་དུ་སྐྱོད་ཚད་ཀྱིས་30%བཟུང་བ་དེ“ཁྱིམ་དུ་ནང་མི་ལྷན་འཛོམས”བྱེད་པ་དང་གཅིག་མཚུངས་ཡིན་པ་རེད།
         ཀྲུང་གོ་བས་ལོ་གསར་གཏོང་སྲོལ་ལ་འགྱུར་ལྡོག་ཕྱིན་ནས་སྲོལ་རྒྱུན་དང་དར་སྲོལ་མཉམ་འདྲེས་བྱུང་མོད། འོན་ཀྱང་ནང་མི་ལྷན་འཛོམས་དང་། བརྩེ་སེམས་ཟབ་མོ། བཀྲ་ཤིས་འཆམ་མཐུན་བཅས་ཀྱི་ལོ་གསར་གཏོང་སྲོལ་གྱི་རིག་གནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ཡོད་པས་དེ་ནི་མི་རིགས་ཀྱི་མཉམ་འདྲེས་བྱེད་ཤུགས་དང་གོང་བུ་འགྲིལ་ཤུགས་མཚོན་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།