འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་དྲ་རྒྱའི་གྲངས་གཞིའི་བདེ་འཇགས་དོ་དམ་མ་ལག་གཏོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་04ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་བཟོ་འཕྲིན་པུའུ་ཡིས་《ཆ་འཕྲིན་འཕྲིན་གཏོང་དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་འཆར་འགོད་(2016ལོ་ནས་2020ལོ་བར་)》བཀྲམ་སྟེ་གཙོ་གནད་ཐོག་དྲ་རྒྱའི་གྲངས་གཞིའི་བདེ་འཇགས་དོ་དམ་མ་ལག་གཏོད་རྒྱུ་དང་། སྤྱོད་མཁན་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། གྲངས་གཞི་དང་མི་སྒེར་གྱི་ཆ་འཕྲིན་གསང་ཤོར་སྤྱི་བསྒྲགས་དང་སྙན་ཞུའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་སོགས་ཕྱོགས་གསུམ་གྱི་ཐད་ནས་དྲ་རྒྱའི་གྲངས་གཞི་དང་སྤྱོད་མཁན་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཏོན་ཡོད།
         དྲ་སྦྲེལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་སྦྲགས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱ་རྒྱུ་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་དུ་གྱུར་ཡོད། མིག་སྔར་སྤྱི་བདེ་ལས་ཁུངས་དང་360བདེ་འཇགས་ལྟེ་གནས་ཀྱིས་མཉམ་དུ་སྤེལ་བའི་རྔོན་དྲའི་ལས་སྟེགས་སུ་ཁྱབ་བསྒྲགས་བྱས་པའི་《2016ལོའི་དྲ་རྒྱའི་ཁ་བསླུས་རྒྱག་ཚུལ་གྱི་ཞིབ་འཇུག་སྙན་ཞུའི་》ནང་2016ལོར་རྔོན་དྲའི་ལས་སྟེགས་སུ་རྒྱལ་ཡོངས་སྤྱོད་མཁན་གྱིས་བསྐྱལ་བའི་དྲ་རྒྱའི་ཁ་བསླུས་ཀྱི་ཐེར་འདོན་གོང་ཞུ་བྱས་པའི་གྱོད་གཞི་20623དང་མ་དངུལ་སྒོར་དུང་ཕྱུར་1.96ལྷག་ཙམ་ཟིན་པ་དང་། ལས་འགན་གཅིག་ལྕོགས་རྫུས་མ་འཁུར་བ་ནི་2016ལོར་ཐེར་འདོན་གོང་ཞུ་བྱེད་མང་ཤོས་ཀྱི་ཁ་བསླུས་རིགས་ཤིག་རེད། དྲ་རྒྱའི་ཁ་བསླུས་རྒྱག་སྟངས་རྒྱུན་ཆད་མེད་པར་འགྱུར་བ་ཕྱིན་པས་མི་སྒེར་གྱི་ཆ་འཕྲིན་དང་ཟུང་འབྲེལ་གྱིས་ཁ་བསླུས་གནད་སྨིན་བརྒྱབ་པའི་རྣམ་པ་ཐོན་ཡོད། དེས་ན་བྱེད་ཐབས་སྣ་མང་སྤྱད་ནས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པ་མངོན་ཡོད།
         བཟོ་འཕྲིན་པུའུ་ཡིས་དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་ཀྱི་བཅོས་སྐྱོང་མ་ལག་གསར་པ་བཏོད་ནས་དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་ལག་རྩལ་གྱི་འགན་ལེན་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཏོན་ཡོད།
         གཞན་ཡང་བཟོ་འཕྲིན་པུའུ་ཡིས་རྨང་གཞིའི་ཐོན་ཁུངས་ཆ་འཕྲིན་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། གློག་འཕྲིན་ལས་སྒོའི་ཆ་འཕྲིན་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། དྲ་སྦྲེལ་གྱི་ལག་རྩལ་གསར་པ་དང་ལས་སྒོ་གསར་པའི་ཆ་འཕྲིན་བདེ་འཇགས་ཀྱི་ཚོད་སྐོར་བྱེད་ཟབ་ཏུ་གཏོང་བ། དྲ་རྒྱའི་སྣོད་བཅུད་ཁོར་ཡུག་ཡག་པོ་ཞིག་ཧུར་ཐག་གཏོད་པ། དྲ་རྒྱའི་བདེ་འཇགས་ཞབས་ཞུའི་ཁྲོམ་ར་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། བཟོ་འཕྲིན་པུའུ་ཡིས་རྒྱལ་ཡོངས་ཁྱབ་ཁོངས་སུ་དྲ་སྦྲེལ་གྱི་དྲ་རྒྱ་ཞབས་ཞུའི་ཁྲོམ་རར་སྦྲེལ་མཐུད་བྱས་ཏེ་གཙང་སེལ་དང་ཚད་ལྡན་གྱི་ལས་དོན་སྤེལ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།