འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་གསར་དུས་སུ་ས་མཐོའི་གྲོང་གསེབ་ཀྱི་འཕོ་འགྱུར་ལ་ལྟ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་04ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལོ་གསར་དུས་སུ་ས་མཐོའི་གྲོང་གསེབ་ཀྱི་འཕོ་འགྱུར་ལ་ལྟ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་2ཉིན། དཔྱིད་གསར་དུས་ཆེན་མ་ཤར་གོང་གི་ཉིན་འགར། ལོ་45ལ་སླེབས་པའི་ཏུང་ཕིང་གིས་རང་ཁྱིམ་གྱི་ཇ་ལོ་ཕྲག་ཏུ་ཁུར་ནས་མཚོ་སྔོན་ཞིང་ཆེན་གསེར་ཁོག་རྫོང་ཧྲོ་པེ་བོད་རིགས་ཤང་ནས་སྤེན་མ་ལུང་གྲོང་ཚོའི་ཚོང་འདུས་ལ་ཕྱིན་ཞིང་། ཁོང་གིས་སྤྱན་གཟིགས་ཇ་ནག་དང་། སྨྱུག་ལོའི་གཡུ་ཇ། ཇ་དམར། ཇ་གཅུས་གྲིམ་ཅན་སོགས་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་པ་རེད།
        ཏུང་ཕིང་གི་ཁྱིམ་ནི་ཀུའེ་ཀྲོའུ་ཞིང་ཆེན་ཨན་ཁྲུན་གྲོང་ཁྱེར་དུ་ཡོད་པ་དང་། ལོ་བཅུའི་གོང་ཡུལ་མི་གཅིག་གིས་ངོ་སྤྲོད་བྱས་པ་བརྒྱུད་ཁོང་དང་བཟའ་ཟླ་ཀྲུང་གོའི་ནུབ་བྱང་གི་མཚོ་སྔོན་ལ་བསྐྱོད་ནས་ཕྲག་རྒྱུག་གཅིག་དང་རང་ཁྱིམ་ནས་བསྐུར་བའི་ཇ་ལོར་བརྟེན་ནས་བྱ་གཞག་གཏོད་འགོ་བརྩམས།
        “གནམ་གཤིས་གྲང་བའི་དུས་སུ་། མཚོ་སྔོན་གྱི་གྲོང་གསེབ་ཕལ་མོ་ཆེར་ཇ་ཐང་འཐུང་བར་གོམས་ཡོད། དེ་སྔོན་ངའི་ཇ་གཏན་ནས་འཚོང་ཐུབ་ཀྱི་མེད་རུང་། ད་ཆ་འཚོ་བ་ཡག་ཏུ་སོང་བ་དང་སྦྲགས། མི་སེར་གྱི་ཇ་ལོའི་དགོས་མཁོ་ཡང་སྣ་མང་ཅན་དུ་འཕེལ་ནས། ངའི་ཚོང་རིམ་བཞིན་ཡག་ཏུ་ཕྱིན་སོང”ཞེས་ཏུང་ཕིང་གིས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད།
        ལོ་གསར་གྱི་མཁོ་ཆས་ཙག་ཙིག་ལས། སྤྱི་ཚོགས་ཀྱི་འཕོ་འགྱུར་གསལ་པོར་མངོན། ལོ་70ལ་སླེབས་པའི་རྒད་པོ་ཝང་ཧུང་པིན་ནི་ས་སྐྱེས་རྡོ་སྐྱེས་ཀྱི་མཚོ་སྔོན་བ་ཞིག་རེད། ཁོང་གིས་ཡརསྔོན་ལོ་གསར་རིང་མང་ཆེ་བས་འཁུར་གོར་དང་། བྱི་རིལ་ཤོག་ཆག་གཅིག ཇ་ལོ་ཤོག་ཐུམ་གཅིག་ཁྱེར་ནས་བཀྲ་ཤིས་བདེ་ལེགས་ཞུ་བར་འགྲོ་ཡི་ཡོད་ལ། དེ་དག་འབུལ་རྒྱུ་བྱུང་ན་ཡག་ཤོས་ཤིག་ཏུ་རྩི་ཡི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
       “ཆུང་དུས་ཚོང་ཟོག་དཀོན་པོ་རེད། རྒན་རབས་ཚོར་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ་བའི་སྐབས། ཆེ་ཆུང་ལག་མཐིལ་ཙམ་གྱི་ཇ་བག་ཆུང་ཆ་མང་པོར་བགོས་ནས་དེ་དག་ཤོག་བུ་དམར་པོའམ་ཡང་ན་ཤོག་བུས་བཏུམས་ནས་གཉེན་ཉེར་ལག་རྟགས་སུ་འབུལ་གྱི་ཡོད། ད་ཆ་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་སོང་ནས། ལུས་གསོ་བྱེད་དང་ནས་ཆང་སོགས་ཀྱི་ལག་རྟགས་འབུལ་གྱི་ཡོད”ཅེས་ཝང་ཧུང་པིན་གྱིས་བཤད།
        གསར་འགོད་པས་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བ་ནི། ད་ཆ་མཚོ་སྔོན་གྱི་གྲོང་གསེབ་ཏུ་ན་གཞོན་མང་པོ་ཕྱིར་གླ་པ་བརྒྱུགས་ནས་དངུལ་མང་པོ་གསོག་པ་དང་བསམ་བློའི་འཁྱེར་སོར་ཡང་འགྱུར་བ་ཆེན་པོ་བྱུང་ནས། མང་པོས་ལོ་གསར་མཉམ་དུ་གཏོང་རྒྱུར་དགའ་པོ་བྱེད་ཀྱི་འདུག
        “ད་ཆ་འཛད་སྤྱོད་བྱེད་སྟངས་གསར་པ་དར་བ་དང་ལོ་གསར་གྱི་མཁོ་ཆས་ཉོ་ཚད་མང་དུ་ཕྱིན་པ་ལས་འཛད་སྤྱོད་ཁྲོམ་ར་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དང་སྦྲགས། གསར་དར་ལས་རིགས་ཡར་ངོའི་ཟླ་བཞིན་འཕེལ་ནས་མི་སོ་སོའི་ལོ་གསར་གྱི་མཁོ་ཆས་ལས་ཀྱང་དུས་རབས་ཀྱི་རྟགས་མཚན་གསལ་པོ་མངོན་གྱི་འདུག”ཅེས་ནུབ་རྒྱུད་རིག་གནས་ཀྱི་མཁས་དབང་ཤའོ་ཡུན་རུས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།