འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།གསར་འགོད་པས་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་གི་གསེར་ལོ་རྒན་གསོ་ཁང་དུ་
    བཅར་འདྲི་བྱས་པ།

    —— རྒས་དུས་འཚོ་རྟེན་དང་སེམས་ལ་བརྟེན་ས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་16ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་གསེར་ལོ་རྒན་གསོ་ཁང་གི་རྒད་པོ་མགོན་བཀྲའི་ཁྱིམ་དུ་བསྐྱོད་སྐབས་ཁོང་གི་ཁྱིམ་ལ་འཛིན་ཆས་དང་། གློག་ཆས། གཟུགས་འཁྲུའི་ཡོ་ཆས། ཐཱན་གྱི་ཚི་སྣའི་དྲོད་ལེན་སྒྲིག་ཆས་སོགས་འཚོ་བའི་མཁོ་ཆས་ཡོད་དོ་ཅོག་ཚང་བ་མ་ཟད། རྒད་པོའི་སྔས་ཀྱི་མགོར་འབོད་བརྡ་གཏོང་ཆས་དམར་པོ་ཞིག་ཀྱང་བཞག་ཡོད་པ་མཐོང་བྱུང་། ཕན་བདེ་ཁང་གི་ཆེད་འགན་དོ་དམ་པ་མིག་སྒྲོལ་གྱིས་མཚན་གུང་དུ་རྒན་རྒོན་རྣམས་ལ་གནས་ཚུལ་འཕྲད་སྐབས་འབོད་བརྡ་གཏོང་ཆས་དེ་མནན་ན་ང་ཚོས་ལམ་སེང་བརྟག་དཔྱད་བྱེད་པར་འགྲོ་བ་དང་ཆུ་ཚོད་24རེས་མོས་སྡོད་བྱ་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།
        “ད་ཆ་སྒོ་རའི་ནང་འགན་ལེན་ལྔའི་རྒན་རྒོན་99ཡོད་པ་ཚང་མ་མི་ཧྲེང་རྒན་རྒོན་དང་ན་རྒས་ལུས་སྟོབས་ཞན་པ་ཡིན་པ་དང་དཔལ་འབྱོར་གྱི་ཡོང་སྒོ་དང་འཚོ་བའི་ཐད་བརྟེན་ས་མེད་པས། ཕན་བདེ་ཁང་གིས་ལོ་ལྟར་རྒན་རྒོན་མི་རེ་ངོ་རེར་བོད་ཆས་ཆ་ཚང་གཉིས་རེ་བཟོ་བ་དང་ཟླ་རེར་ལག་དངུལ་སྒོར་100དང་། མར་རྒྱ་མ་5 རྩམ་པ་རྒྱ་མ་10བཅས་སྤྲོད་པ་མ་ཟད། དགོས་མཁོ་གཞིར་བཟུང་ནང་འཇམ་དང་ལྷམ་སོགས་ཀྱང་སྤྲོད་ཀྱི་ཡོད་ཅེས་རྒན་གསོ་ཁང་གི་ལས་དོན་པ་མིག་སྒྲོལ་གྱིས་དེ་ལྟར་བཤད་བྱུང་།
        ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་གླེང་སྐབས་ལོ་71ལ་སླེབས་པའི་ཚེ་རིང་གཡང་འཛོམས་ཀྱིས་ང་ཆུང་དུས་ཞིང་བྲན་ཡིན་པས། ལྟོ་གྲོད་པ་རྒྱགས་པ་ཟ་མྱོང་མེད་ལ་གོས་ལུས་དྲོད་པ་ཡང་གྱོན་མྱོང་མེད། ད་ཆ་ཟས་གོས་སྡོད་གསུམ་དང་སྨན་བཅོས་ཚང་མར་དངུལ་སྤྲོད་མི་དགོས་པར་ཚེ་མཇུག་བདེ་ལ་རོལ་རྒྱུ་བྱུང་བ་ནི་ཏང་གི་བཀའ་དྲིན་ཡིན་ཞེས་མྱོང་ཚོར་ཟབ་མོས་བཤད་བྱུང་།
        འཚོ་བའི་མཁོ་ཆས་ཆ་ཚང་པོ་ཡོད་པ་མ་ཟད། ཕྱི་རོལ་གྱི་ལུས་སྦྱོང་ར་བ་དང་། སྨན་བཅོས་ཁང་། འཕུར་མཉེད་ཁང་། སྐྲ་བཞར་ཁང་། ནུས་པ་མང་བའི་བྱེད་སྒོ་ཁང་སོགས་ཞོར་གཏོགས་སྒྲིག་བཀོད་ཀྱང་ཧ་ཅང་ཆ་ཚང་པོ་ཡོད། གསར་འགོད་པས་སྨན་བཅོས་ཁང་ནས་ལོ་64ལ་སླེབས་པའི་ཤི་ལོག་ཉི་མ་སྲོ་བཞིན་སྨན་ཆུ་བླུག་པ་མཐོང་བྱུང་། ཁོང་གིས“གནམ་གཤིས་གྲང་དུ་སོང་བའི་རྐྱེན་གྱིས་ཆམ་པ་ཕོག་འདུག གཟུགས་པོ་བདེ་པོ་མེད་པ་མ་གཏོགས་འཚོ་བའི་ཐད་སེམས་ཁྲལ་བྱེད་དགོས་གཏན་ནས་མི་འདུག”ཅེས་བཤད་བྱུང་།
        གཅོད་པ་མཚོ་ནི་བོད་ལུགས་གསོ་རིག་དང་ཕྱི་ལུགས་སྨན་བཅོས་གཉིས་ཀ་ཤེས་པའི་མཁོ་ཆོད་སྨན་པ་ཞིག་ཡིན་ཞིང་། ཁོང་གིས་གསར་འགོད་པར་ལོ་ལྟར་དུས་བཀག་བཞིན་རྒན་རྒོན་རྣམས་རྫོང་སྨན་ཁང་དུ་གཟུགས་པོར་བརྟག་དཔྱད་བྱེད་པར་འཁྲིད་ཀྱི་ཡོད་ལ། ཉིན་ལྟར་སྐོར་ཞིབ་བརྟག་དཔྱད་བྱས་ཏེ་ཁོང་ཚོའི་ནད་གཞིའི་གནས་ཚུལ་དུས་ཐོག་དུ་ཤེས་རྟོགས་ཐུབ་པ་བྱེད་ཀྱི་ཡོད། ནད་གཞི་ཆུང་གྲས་ཡིན་ན་རྒན་གསོ་ཁང་དུ་སྨན་བཅོས་བྱེད་པ་དང་ནད་གཞི་ཆེ་གྲས་ཡིན་ན་རྫོང་སྨན་ཁང་ངམ་ལྷ་ས་གྲོང་ཁྱེར་སྨན་ཁང་དུ་སྨན་བཅོས་བྱེད་པར་འཁྲིད་ཀྱི་ཡོད་ཅེས་བཤད་བྱུང་།
        “རྒན་རྒོན་དང་ཡུན་རིང་པོ་གཤིབ་པས་ང་ཚོས་རང་ཉིད་སེམས་ཁམས་སྨན་པ་ལྟ་བུ་ཞིག་ལ་བརྩི་ཡི་ཡོད། གང་ལགས་ཤེ་ན། ཁོང་ཚོའི་གཟུགས་པོ་བདེ་ཐང་ཡོང་བ་བྱེད་དགོས་པ་མ་ཟད། སེམས་ཡུལ་པོ་མི་ཡོང་བའང་བྱེད་དགོས་པས་ཡིན”ཞེས་གཅོད་པ་མཚོས་དེ་ལྟར་བཤད་པ་དང་ཁོང་གིས་རྒན་རྒོན་མང་པོ་ཞིག་རང་ཉིད་གཅིག་པུར་འཚོ་བ་ཡུན་རིང་བསྐྱལ་ནས་བསྡད་པས་སྐད་ཆ་ཤོད་རྒྱུ་དང་འབྲེལ་འདྲིས་བྱ་རྒྱུར་དེ་ཙམ་དགའ་པོ་མེད་རྐྱེན། རྒན་གསོ་ཁང་གིས་རྒན་རྒོན་རྣམས་སྐབས་དོན་གསར་འགྱུར་དང་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་སོགས་ལྟ་རུ་འཇུག་གི་ཡོད། ཟླ་བ་མི་རེ་ངོ་རེར་མཉམ་སྡེབ་ཀྱི་རིག་གནས་རོལ་རྩེད་བྱེད་སྒོ་ཉུང་མཐར་ཡང་ཐེངས་རེ་སྒྲིག་འཛུགས་བྱས་ནས་རྒན་རྒོན་རྣམས་སེམས་སྐྱིད་པོ་ཡོང་ཐབས་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།
        ལོ་གསར་པ་འཆར་ལ་ཉེ་བའི་སྐབས་རྒན་གསོ་ཁང་གིས་རྒན་རྒོན་རྣམས་ལ་པགས་ཚག་གི་ཕྱུ་པ་རེ་བཟོས་པ་དང་རྒན་རྒོན་རྣམས་ལེ་ཚན་ནང་སྦྱོང་བྱེད་བཞིན་ཡོད་ཅིང་། ཚེ་རིང་གཡང་འཛོམས་ཀྱིས་ལོ་གསར་གཏོང་སྐབས་སྒོར་གཞས་རྒྱག་རྩིས་ཡོད། གཅིག་ནས་གཟུགས་པོར་སྦྱོང་བརྡར་དང་གཉིས་ནས་སེམས་པ་སྐྱིད་པོ་ཡོང་གི་འདུག་ཅེས་བཤད་བྱུང་།
        ཉི་མ་ནུབ་ལ་ཁད་དུ་ལོ་61ལ་སླེབས་པའི་རྒད་པོ་དམར་རྒྱལ་རྐུབ་སྟེགས་ཐོག་བསྡད་དེ་མ་ཎི་ལག་སྐོར་བསྐོར་བཞིན་དུ་བག་ཕེབས་ངང་ཉི་མ་སྲོ་བཞིན་འདུག ཁོང་གིས“ལས་དོན་པས་ཉིན་ལྟར་ང་ཚོའི་ཁྱིམ་ལ་གཙང་སྦྲ་དང་གྱོན་ཆས་དང་མགོ་བཀྲུ་རོགས་བྱེད་པ་དང་སྐྲ་བཞར་རོགས་བྱས་ཏེ་ང་ཚོར་ལྟ་རྟོག་ཞིབ་ཚགས་བྱེད་ཀྱི་ཡོད་པས། ངས་བདེ་སྐྱིད་ཀྱི་འཚོ་བ་དེ་འདྲ་ཡུན་རིང་བསྐྱལ་རྒྱུ་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད”ཅེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།