འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོར་ཕུགས་འདུན་མངོན་འགྱུར་བྱུང་བའི་ལ་ཏིང་མེ་གླིང་བའི་གཏམ་རྒྱུད།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུན་དབྱི། ཝང་ཀྲུའོ་ལུན། ཙང་ཞའོ་ཁྲེང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་16ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           “2009ལོར་ཝུ་ར་ཀུའེ་ཡི་ཚོང་པ་ལི་ཤིས་ཨོའུ་ཡིས་ཨ་སྒོར་8000འཁྱེར་ནས་དབྱི་ཝུའུ་རུ་དངོས་ཟོག་འཐེན་པར་ཡོང་སྐབས། ལོ་བདུན་གྱི་རྗེས་སུ་རང་ཉིད་ཀྲུང་གོ་ནས་དངོས་ཟོག་འཐེན་པའི་མ་དངུལ་ཨ་སྒོར་ཁྲི་30བར་འཕར་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མེད”ཅེས་ཀྲེ་ཅང་དབྱི་ཝུའུ་རུ་ཚོང་རྒྱག་མཁན་རྒྱལ་ཁོངས་ཁོ་སི་ཐ་རི་ཁ་ནས་ཡིན་པའི་ཕྱི་ཁོངས་ཀྲུང་གོ་བ་ཡུས་ཀེས་གསར་འགོད་པར་དེ་ལྟར་བཤད་བྱུང་།
           ལི་ཤིས་ཨོའུ་ནི་ཡུས་ཀེས་རྒྱལ་ནང་དུ་ལོག་ནས་ལས་གཏོད་བྱས་རྗེས་སྣེ་ལེན་ཞུས་པའི་ལ་ཏིང་མེ་གླིང་གི་ཚོང་པ་དང་པོ་དེ་ཡིན་ཞིང་། ཕྱིས་སུ་ཡུས་ཀེས་ཚོང་དོན་ཀུང་སི་ཞིག་བཙུགས་པས། ཕེ་རུ་དང་། ཨ་ཀེན་ཐིན། ཁོ་ལོམ་པི་ཡ་སོགས་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་ཚོང་པ་དེ་བས་མང་བས་ཀྲུང་གོར་མ་འཇོག་བྱས་ནས་ལས་རིགས་དར་རྒྱས་གཏོང་བའི་དཔང་པོ་བྱས།
           “ཤིས་ལི་ཨོའུ་དང་འདྲ་བ་ཀྲུང་གོར་ཕུགས་འདུན་མངོན་འགྱུར་བྱུང་བའི་ལ་ཏིང་མེ་གླིང་གི་ཚོང་པ་མང་པོ་ཡོད། ཁོང་ཚོས་ཀྲུང་གོའི་ཚོང་ཟོག་གོང་ཆུང་སྤུས་དག་ཡིན་པ་ཤེས་ནས་སྔོན་ཆད་ཕ་ན་མ་དང་ཆི་ལི་ནས་དངོས་ཟོག་འདྲེན་པའི་གོ་སྐབས་དོར་ཏེ་ལེ་དབར་ཁྲི་ཡི་ངལ་བར་མ་འཛེམས་པར་དབྱི་ཝུའུ་ནས་ཚོང་ཟོག་འཐེན་པར་ཡོང་གི་ཡོད”ཅེས་ཡུས་ཀེས་བརྗོད་ཅིང་། ཁོང་གིས“ལ་ཏིང་མེ་གླིང་གི་ཚོང་པས་ཀྲུང་གོའི་ཐོན་རྫས་ལ་ཧ་ཅང་དགའ་པོ་བྱེད་ཅིང་། བུད་མེད་ཀྱི་སྟོད་ཕད་དང་གྱོན་ཆས་ནས་ཉིན་མཁོའི་དངོས་ཟོག་སྣ་ཚོགས་བར་ཚང་མར་དགའ་པོ་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་ཁོང་ཚོའི་དངོས་ཟོག་ནང་འདྲེན་བྱེད་ཤུགས་ཆེ་རུ་ཕྱིན་པ་མ་ཟད། ད་དུང་ཁག་གཅིག་གིས་དབྱི་ཝུའུ་རུ་ཚོང་དོན་ཀུང་སི་གཉེར་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
           དཔལ་འབྱོར་ཚོང་དོན་མཉམ་ལས་ནི་ཀྲུང་ལ་འབྲེལ་བའི་ཀ་རྟེན་གལ་ཆེན་ཞིག་ཡིན། གྲངས་གཞི་ལས་མངོན་དོན། ཀྲུང་གོ་འདི་ཉིད་ལ་ཏིང་མེ་གླིང་གི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེན་པོ་ཨང་གཉིས་པར་གྱུར་ཡོད། ཀྲུང་ལའི་ཚོང་དོན་ཉེ་བའི་ལོ་བཅུའི་རིང་ལྡབ་20ལྷག་ཙམ་འཕར་ནས་2015ལོར་སླེབས་སྐབས་ཨ་སྒོར་དུང་ཕྱུར་2365ཟིན་ཡོད།
           ཚོང་དོན་འགྲོ་འོང་ཟབ་མོ་བྱེད་པ་དང་བསྟུན་ནས་ཡུས་ཀེ་དང་ཚོང་རྒྱག་པའི་ལ་ཏིང་མེ་གླིང་གི་ཚོང་པ་དང་ཀྲུང་གོའི་མཉམ་ལས་རོགས་ཟླའི་དབར་འཆམ་པོ་ཡོད་ལ་ཕན་ཚུན་ཡིད་ཆེས་ཆེན་པོ་ཡོད། ཡུས་ཀེས“ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་ལམ་ཐག་རིང་ཡང་ཕྱོགས་གཉིས་པོས་ཁ་པར་རམ་ཡང་ན་དྲ་རྒྱའི་ཐོག་ནས་དངོས་ཟོག་མངགས་ཉོ་བྱེད་འདོད་བྱེད་ཀྱི་ཡོད། ཚོང་པ་མང་ཆེ་བས་སྔོན་ལ་དངོས་ཟོག་གཏོང་བ་དང་རྗེས་ལ་དངུལ་སྤྲོད་པའི་བྱེད་ཐབས་སྤྱོད་ཀྱི་ཡོད”ཅེས་བཤད།
          ད་དུང་ཀྲུང་གོར་ཕུགས་འདུན་མངོན་འགྱུར་བྱུང་བའི་ནང་ལོ་30ལ་སླེབས་པའི་ཕེ་རུ་བ་ཁ་ལུའོ་སི་ཚུད་ཡོད། མིག་སྔར་ཁོང་ནི་ཆིང་ཧྭ་སློབ་ཆེན་གྱི་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པ་ཡིན། ཁོང་གི་གཅེན་པོ་དང་གཅེན་མོ་ཡང་ཆིང་ཧྭ་སློབ་ཆེན་ནས་ཐོན་པའི་ཞིབ་འཇུག་སློབ་མ་ཡིན་པ་རེད།
          “ལོ་10ཡི་གོང་སློབ་ཆེན་འགྲིམ་བཞིན་པའི་གཅེན་མོས་ཀྲུང་གོར་ལོ་གཅིག་རིང་བརྗེ་རེས་སློབ་མ་བྱས་ནས་སྡོད་སྐབས་རང་དབང་མེད་པར་དེ་གར་ཞེན་ཆགས་སྐྱེས”ཁ་ལུའོ་སིས་གཅེན་མོས་2007ལོ་ནས་བཟུང་ཀྲུང་གོར་ཞིབ་འཇུག་སློབ་མ་བྱས་ནས་ཀྲུང་གོར་ལས་ཀ་བྱ་རྒྱུའི་གདམ་ག་བྱས་རྗེས་གཅེན་པོ་ཡང་2011ལོར་ཀྲུང་གོར་ཡོང་ཡོད། མིག་སྔར་གཅེན་མོ་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་སུ་བློ་འདྲི་བ་དང་ཡིག་སྒྱུར་བའི་ལས་ཀ་བྱེད་བཞིན་ཡོད་པ་དང་གཅེན་པོ་ཀྲུང་གོས་མ་རྩ་བཏང་བའི་མཁའ་འགྲུལ་ཀུང་སིར་མི་ཤུགས་ཐོན་ཁུངས་ཀྱི་ཆེད་ལས་མི་སྣ་བྱེད་བཞིན་ཡོད་ཅེས་བཤད།
          ཁ་ལུའོ་སིས“ཀྲུང་གོར་ཞེན་ཆགས་ཡོད་པའི་དབང་གིས་ང་དང་གཉེན་ཉེ་མཉམ་དུ་འཛོམས་བྱུང་། ཕ་མ་དང་ང་ཚོ་བུ་ཕྲུག་གསུམ་ས་ཐག་རིང་ཡང་ཁོང་རྣམ་གཉིས་ཀྱིས་ང་ཚོ་ཀྲུང་གོར་གཞིས་ཆགས་ནས་བྱ་གཞག་གཏོད་རྒྱུར་རྒྱབ་སྐྱོར་གནང་གི་ཡོད”ཅེས་བཤད།
           ཕེ་རུ་དང་ཀྲུང་གོའི་དབར་ལེ་དབར་ཁྲི་ཡི་ཞི་བདེ་རྒྱ་མཚོ་ཆེན་པོས་ཆོད་ཡོད་རུང་ཕེ་རུ་ནི་ཕྱིར་སྡོད་རང་མི་བསྐྱོད་སྔ་ཤོས་དང་འདུས་སྡོད་བྱེད་མང་ཤོས་ཀྱི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་གྲས་ཤིག་རེད། མིག་སྔར་མི་འབོར་ཁྲི་3000ཡོད་པའི་རྒྱལ་ཁབ་དེར་ཕྱི་ཁོངས་ཀྲུང་གོ་བའི་མི་རྒྱུད་ཁྲི་300ཙམ་ཡོད། ཁ་ལུའོ་སིས་ཀྲུང་གོ་བ་མང་པོ་ཞིག་གིས་ཕེ་རུར་རྒྱུས་མངའ་ཆེན་པོ་མེད་མོད། འོན་ཀྱང་ཕེ་རུ་བས་ཀྲུང་གོར་རྒྱུས་མངའ་ཆེན་པོ་ཡོད་ཅེས་བཤད།
          ཀྲུང་གོའི་གྲོགས་པོས་ཕེ་རུར་རྒྱུས་མངའ་ཆེན་པོ་ཡོང་བ་དང་དུས་མཚུངས་ཕྱི་རྒྱལ་བ་ཀྲུང་གོར་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་བ་དང་ལྕག་སྐུལ་བྱེད་པའི་ཀྲུང་གོ་སྲིད་གཞུང་གི་སྲིད་ཇུས་དང་ལེན་ཞུ་ཆེད་ཁ་ལུའོ་སི་དང་གཅེན་པོ་དང་གཅེན་མོས་ཀྱང་པེ་ཅིང་གི་སན་ལི་ཐུན་དུ་ཕེ་རུའི་ཟ་ཁང་ཞིག་གཉེར་བས་ཚོང་ཧ་ཅང་བྲིན་ཁ་རྒྱུག་པོ་ཡོད། “ཀྲུང་གོར་ང་ཚོས་དགའ་སྤྲོ་འཆམ་མཐུན་གྱི་དུས་ཚོད་མང་པོ་བརྒྱུད་པ་ཡིན། ང་ཚོ་འདི་གར་ཧ་ཅང་དགའ་པོ་ཡོད། གང་ལགས་ཤེ་ན། ཉིན་ལྟར་སློབ་སྦྱོང་བྱེད་ཀྱིན་ཡར་རྒྱས་འགྲོ་གི་འདུག”ཅེས་ཁ་ལུའོ་སིས་བཤད།
          ཀྲུང་གོར་ལོ་16གཞིས་ཆགས་པའི་ཁོ་ལོམ་པི་ཡ་བ་སང་ཐུའོ་སིར་ཀྲུང་གོ་ནས་བརྩེ་དུང་དང། ཁྱིམ་ཚང་། བྱ་གཞག་བཅས་ཚང་མ་ཐོབ་ཡོད།
          2000ལོར་སང་ཐུའོ་སིས་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཁྱེར་ནས་ཧྥུའུ་ཏན་སློབ་ཆེན་དུ་རྒྱ་ཡིག་སྦྱང་བར་ཡོང་དུས། ཁོང་ནི་ཀྲུང་གོ་བའི་མིག་ནང“གོ་ལ་གཞན་གྱི་མི”ཞིག་དང་འདྲ། “དང་ཐོག་ཀྲུང་གོར་སླེབས་མ་ཐག་ང་ཁོ་ལོམ་པི་ཡ་ནས་ཡིན་ཟེར་སྐབས་ཀྲུང་གོའི་གྲོགས་པོ་ཚང་མས་ཨ་རིའི་ཁོ་ལོམ་པི་ཡ་དམིགས་བསལ་ཁུལ་ནས་ཡོང་བ་རེད་ཅེས་སྙམ་གྱི་འདུག ད་ཆ། མེ་གླིང་ལྷོ་མར་ད་དུང་ཀོག་ཧྥེའི་སྲན་རིལ་ཐོན་སྐྱེད་བྱེད་ས་དང་རྐང་རྩེད་སྤོ་ལོ་མཁས་པ་སོགས་ཡོད་པའི་རྒྱལ་ཁབ་ཁོ་ལོམ་པི་ཡ་ཟེར་བ་ཞིག་ཡོད་པ་ཤེས་ཀྱི་འདུག ད་ཆ་ཀྲུང་གོ་བས་ལ་ཏིང་མེ་གླིང་ས་ཁུལ་ལ་རྒྱུས་སྔ་ཟབ་མོ་ཡོད”ཅེས་སང་ཐུའོ་སིས་བཤད་པ་རེད།
          “ཀྲུང་གོའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་འདུག་སྟེ། ལུས་རྩལ་གྱོན་གོས་དང་། ལག་ཐོགས་ཁ་པར། རླངས་འཁོར་སོགས་མང་ཆེ་བ་རྒྱལ་སྤྱིའི་སྤུས་རྟགས་གྲགས་ཅན་ཡིན་པ་དང་། ལྕགས་ལམ་དང་། གཞུང་ལམ། ཐོག་བརྩེགས་ཁང་པ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་གྱི་ཡོད་པས་ང་ཚོ་ཕྱི་རྒྱལ་བ་རྣམས་ཧ་ལས་གི་འདུག”ཅེས་ཀྲུང་གོའི་སྨྱན་སྦྱོར་ལས་ཁུངས་སུ་ལོ་10ཙམ་ལས་ཀ་བྱེད་མྱོང་བའི་ཕྱི་ཁོངས་རིགས་གཅིག་མཁས་ཅན་དེས་གསར་འགོད་པར་བཤད་པ་རེད།
          “ང་ཀྲུང་གོར་གཞིས་ཆགས་གཏན་སྡོད་བྱེད་རྩིས་ཡོད། ངས་ངའི་བུ་མོ་ཚོ་ཀྲུང་གོའི་ས་གཞི་ཆེན་པོ་འདིའི་ཐོག་སྐྱོན་བྲལ་ངང་འཚར་ལོངས་ཡོང་དུ་འཇུག་རྒྱུ་ཡིན”ཞེས་སང་ཐུའོ་སིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།