འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་གཟབ་
    རྒྱས་ངང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་11ཉིན། 16:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་གཟབ་
རྒྱས་ངང་འགོ་ཚུགས་པ།
               མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་10ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་མི་དམངས་ཀྱི་མངགས་བཅོལ་གལ་ཆེན་ཕྲག་ཏུ་བཞེས་ཏེ་ཚོགས་འདུ་གཟབ་རྒྱས་ལ་ཞུགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་བསྒྲུབ་རྒྱུ་རེད།
            ཚེས་10ཉིན་གྱི་བོད་ལྗོངས་མི་དམངས་ཚོགས་ཁང་ནང་རྔམ་བརྗིད་ཆེ་ལ་དགའ་སྤྲོས་འཁོལ་ཞིང་། ཀྲུའུ་ཞི་སྡིངས་ཆའི་ཡོལ་བའི་དབུས་སུ་རྒྱལ་རྟགས་མཐོན་པོར་བཀལ་བ་དང་། འགོ་ཁྲིད་མི་སྣ་ལྔའི་སྐུ་པར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་གཅིག་སེམས་གཅིག་ཏུ་སྦྲེལ་བའི་སྐུ་པར། “བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཕྱིར་འབད་བརྩོན་ལྷོད་མེད་བྱེད་དགོས”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་བཅས་མངོན་གསལ་དོད་པོ་ཡོད་པ་རེད།
           ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ཝུའུ་དབྱིང་ཅེ་དང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཀྲོའུ་ཁྲུན་ལའེ། ཀྲའོ་ཀྲེང་ཤིའུ། ཤིང་རྩ་བསྟན་འཛིན་ཆོས་གྲགས། འོད་ཟེར། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཀྲང་ཞའོ་ཧྭ། ཅི་གོ་ཀང་། ལིའུ་ཀོང་ཤུས་བཅས་ཚོགས་ཆེན་དུ་ཞུགས་པ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ཏིང་ཡེ་ཤན། ཞུས་ཡུང་། ནོར་བུ་དོན་གྲུབ། བསྟན་ཁོ། ཝང་རུའེ་ལེན། ཝང་གཡུང་ཅུན། ཅང་ཅེ། སྤེན་པ་བཀྲ་ཤིས། པད་མ་དབང་འདུས། ལེགས་མཆོག པ་སངས་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཚོགས་འདུར་ཕེབས་པ་དང་འབྲེལ་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
           རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པར་ཕེབས་དགོས་པའི་འཐུས་མི་425ཡོད་པ་དང་དངོས་སུ་ཕེབས་མཁན་འཐུས་མི་364ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
    སྔ་དྲོའི་ཆུ་ཚོད་10པ་ཡོལ་ཙམ་ལ་པད་མ་འཕྲིན་ལས་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་།
           ཚོགས་རར་ཡོད་པའི་མི་སྣ་ཡོངས་ཀྱིས་ཡར་བཞེངས་ནས་རྒྱལ་གླུ་བཏང་བ་རེད།
          ཚོགས་འདུའི་གྲོས་རིམ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་ཞིང་། སྙན་སྒྲོན་དེ་2016ལོའི་ལས་དོན་ལ་ཕྱིར་ལྟ་དང་། 2017ལོའི་ལས་དོན་བཀོད་སྒྲིག སྲིད་གཞུང་རང་ངོས་འཛུགས་སྐྱོང་བཅས་ཆ་ཤས་ཆེན་པོ་གསུམ་ལ་ཕྱེ་ཡོད།
          བློ་བཟང་རྒྱལ་མཚན་གྱིས་སྙན་སྒྲོན་གནང་སྐབས། 2016ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པ”འགོ་ཚུགས་པའི་ལོ་ཞིག་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་གལ་ཆེན་གྱི་དགོངས་པ་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་རྒྱུན་འཁྱོངས་ཀྱིས་གོང་འཕེལ་གྱི་བསམ་གཞི་གསར་པ་བརྟན་པོར་བཙུགས་ཐོག “663”གོང་འཕེལ་གྱི་བསམ་གཞི་རྒྱ་ཆེར་དང་གཏིང་ཟབ་ཏུ་བཏང་བས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་བྱུང་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཚུགས་ཐུབ་ཡོད་ཅེས་བསྟན་པ་རེད།
           བློ་བཟང་རྒྱལ་མཚན་གྱིས་སྙན་སྒྲོན་གནང་སྐབས། “རྨང་གཞི་གཉིས་མངོན་ཆེར་བཟུང་ཞིང་། ཞིང་འབྲོག་ལས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དུས་མཚམས་གསར་པར་སླེབས་ཡོད་པ”དང་། “གཙོ་གནད་གཉིས་མངོན་ཆེར་བཟུང་ཞིང་། ཁྱད་ལྡན་ཐོན་ལས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་འཕེལ་རྒྱས་གསར་པ་བྱུང་བ” “འགན་སྲུང་གཉིས་མངོན་ཆེར་བཟུང་ཞིང་། དམངས་འཚོ་ལེགས་བཅོས་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་ལེགས་སུ་སོང་བ”“སྒུལ་ཤུགས་གཉིས་མངོན་ཆེར་བཟུང་ཞིང་། སྒྱུར་བཅོས་སྒོ་དབྱེ་དང་ཁ་གཏད་རོགས་སྐྱོར་ལ་ཚད་བརྒལ་གསར་པ་བྱུང་བ”“འདེགས་སྐྱོར་གཉིས་མངོན་ཆེར་བཟུང་ཞིང་། ཚན་རྩལ་གསར་གཏོད་དང་ཤེས་ལྡན་པའི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ”“རྨང་རྡོ་གཉིས་མངོན་ཆེར་བཟུང་ཞིང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བཅོས་སྐྱོང་ལ་རྣམ་པ་གསར་པ་ཐོན་པ”བཅས་ཕྱོགས་དྲུག་གི་ཐད་ནས་2016ལོའི་ལས་དོན་ལ་ཕྱིར་ལྟ་དང་ཕྱོགས་སྡོམ་གནང་བ་རེད། 
            བློ་བཟང་རྒྱལ་མཚན་གྱིས་སྙན་སྒྲོན་ནང་། 2013ལོ་ཚུན་གྱི་སྲིད་གཞུང་གི་ལས་དོན་ལ་ཕྱིར་ལྟ་དང་ཕྱོགས་སྡོམ་གནང་ཞིང་། ཁོང་གིས་ང་ཚོས་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཚན་རིག་དང་མཐུན་པའི་ངང་སྟངས་འཛིན་བྱས་ཐོག རྒྱུན་རྣམ་གསར་པ་དང་འཚམ་ཞིང་དེར་སྟངས་འཛིན་ཁྲིད་སྟོན་བྱས་ཏེ“663”གྱི་གོང་འཕེལ་བསམ་གཞི་གསར་གཏོད་ལག་བསྟར་བྱས་ནས་འགན་འཁུར་ཕོད་ལ་རང་འགུལ་ལས་སྒྲུབ་དང་། དམ་པ་དོན་གཉེར། ཤུགས་འདོན་གནད་སྨིན་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་མྱུར་ལམ་དུ་བསྐྱོད་རྒྱུར་སྐུལ་མ་ཐེབས་ཡོད། ལོ་བཞིའི་རིང་གསར་གཏོད་གོང་འཕེལ་གཏོང་བའི་དཀའ་སྤྱད་འབད་འཐབ་དང་དངོས་སྒྲུབ་བོད་དར་གྱི་ལག་ལེན་དངོས་བརྒྱུད་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། བརྟན་ལྷིང་ནི་འགན་འཁྲི་ཨང་དང་པོ་ཡིན་ཞིང་། བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་ནི་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་དང་འབྲེལ་བ་ཡོད་པ་དང་། མཐའ་སྲུང་སྲ་བརྟན་དང་མི་དམངས་བདེ་འཁོད་ལས་བརྩོན་དང་འབྲེལ་བ་ཡོད་པ། ཀྲུང་ཧྭ་མི་རིགས་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད། གོང་འཕེལ་ནི་ལས་འགན་ཨང་དང་པོ་ཡིན་ཞིང་། གོང་འཕེལ་གྱི་ཧེ་བག་ཆུང་དུ་བཏང་ནས་རྒྱལ་ཡོངས་ཀྱི་རྗེས་ཟིན་པ་བྱེད་དགོས་ན་གོང་འཕེལ་མགྱོགས་པོ་གཏོང་རྒྱུར་བརྟེན་དགོས། དམངས་འཚོ་ནི་ཕྱོགས་སྟོན་ཨང་དང་པོ་ཡིན་ཞིང་། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་དམིགས་ཚད་རེད། ང་ཚོས་སྲིད་གཞུང་གིས་འཚོ་བ་སྐྱེལ་མཁས་པོ་དང་མང་ཚོགས་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ལོ་ལྟར་70%ཡན་གྱི་ནོར་ཤུགས་དམངས་འཚོར་བཏང་བས་ལོ་བཞིའི་ནང་ལྡབ་ཉིས་སྒྱུར་འཕར་ཡོད། ནུས་ཤུགས་ཡོད་རྒུས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ནས་ལོ་བཅོ་ལྔའི་རིང་སློབ་ཡོན་མི་བསྡུ་བའི་སློབ་གསོ་སྔོན་དུ་སྤེལ་ཐུབ་པ་དང་། “གཅིག་སྡུད་གཉིས”སྔོན་དུ་མངོན་འགྱུར་ཐུབ་པ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་སྔོན་ལ་དོ་སྙོམས་ཅན་དུ་འགྱུར་ཐུབ་པ་བཅས་བྱུང་སྟེ་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས་སྔར་བས་ཆེ་རུ་སོང་ཡོད། ང་ཚོའི་རླབས་ཆེན་ཏང་དང་ང་ཚོའི་རླབས་ཆེན་མེས་རྒྱལ་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་པ་ཕྱོགས་ཤུགས་སྔར་བས་ཆེ་རུ་སོང་ཡོད། སྣོད་བཅུད་ནི་དམར་ཐིག་ཨང་དང་པོ་ཡིན་ཞིང་། ང་ཚོས་དམར་ཐིག་གི་འདུ་ཤེས་དང་མཐའ་ཚད་འཛིན་སེམས་ཟམ་མི་ཆད་པར་ཟབ་ཏུ་བཏང་ཐོག རྣམ་འགྱུར་ཐག་ཆོད་པོ་དང་། ལམ་ལུགས་ནན་པོ། བྱ་ཐབས་ནུས་ལྡན་བཅས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་བྱས་ཡོད། “སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱག་གིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི”ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བའི་ལྟེ་བའི་འགན་འཁྲི་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གངས་ལྗོངས་ས་མཐོའི་རི་ཆུ་ཀླུང་གསུམ་དང་རྩྭ་རྩི་ཤིང་ཐམས་ཅད་སྲུང་སྐྱོབ་ཡག་པོ་བྱས་ཚེ་གཞི་ནས་སྣོད་བཅུད་ཐོན་ཁུངས་ཀྱི་ལེགས་ཆ་ཆེ་ཤོས་འདོན་སྤེལ་ཐུབ་པ་དང་། གཞི་ནས་སྣོད་བཅུད་ཁྱད་ཡོན་གྱི་མི་མངོན་པའི་ནུས་པ་ཆེ་ཤོས་སྔོག་འདོན་ཐུབ་པ། གཞི་ནས་སྣོད་བཅུད་སྲུང་སྐྱོབ་བྱས་པའི་རིན་ཐང་ཆེ་ཤོས་མངོན་ཐུབ་ཅེས་བསྟན་གནང་བ་རེད།
           བློ་བཟང་རྒྱལ་མཚན་གྱིས་སྙན་སྒྲོན་ནང་། 2017ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་11%ཡན་འཕར་བ་བྱེད་རྒྱུ་དང་། སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་20%ཡན་འཕར་བ་བྱས་ནས་སྒོར་དུང་ཕྱུར་2000ཟིན་པ་བྱེད་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་སྤྱི་འབོར་12%ཡན་འཕར་བ་བྱེད་རྒྱུ། ས་གནས་ནོར་སྲིད་ཀྱི་ཡོང་འབབ་12%ཡན་འཕར་བ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%ཡན་འཕར་བ་བྱེད་རྒྱུ་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13%ཡན་འཕར་བ་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་4%ནང་ཚུན་དུ་ཚོད་འཛིན་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་བྱེད་རྒྱུ་བཅས་ཡིན་ཞེས་བསྟན་གནང་བ་རེད།
           བློ་བཟང་རྒྱལ་མཚན་གྱིས་ཕྱོགས་དྲུག་གི་ཐད་ནས། 2017ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་སྟེ། གཅིག་ནས་དམངས་ཀྱི་འཚོ་བ་སྔོན་ལ་སྤེལ་ཤུགས་ཆེ་རུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་དགོས་པ་དང་། གཉིས་ནས་རྣམ་གྲངས་ཀྱིས་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་གལ་ཆེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ། གསུམ་ནས་ཁྲོམ་རའི་སྐུལ་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་ལྗང་མདོག་ཐོན་ལས་གཞི་ཁྱོན་ཅན་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པ། བཞི་ནས་དངུལ་རྩས་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་མ་རྩ་སྐུལ་སློང་བྱེད་དགོས་པ། ལྔ་ནས་གསར་གཏོད་ཀྱིས་སྐུལ་འདེད་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་གོང་འཕེལ་གཏོང་བའི་གསོན་ཤུགས་ཆེ་རུ་གཏོང་དགོས་པ། དྲུག་ནས་ཁོར་ཡུག་གིས་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་ལྗང་མདོག་དང་བདེ་འཇགས་ཞི་མཐུན་བཅས་ལྡན་པའི་རྣམ་པ་ཞིག་སྐྲུན་དགོས།
            སྲིད་གཞུང་རང་ངོས་འཛུགས་སྐྱོང་སྐོར་ལ་བློ་བཟང་རྒྱལ་མཚན་གྱིས་རིམ་ཁག་སྲིད་གཞུང་གིས་ཏང་ལ་ལྷག་བསམ་རྣམ་དག་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་སྟེ། གཅིག་ནས་སྲོག་ཤིང་ལ་མཐའ་གཅིག་ཏུ་ལྷག་བསམ་ཟོལ་མེད་བྱེད་དགོས་པ་དང་། གཉིས་ནས་སྲིད་འཛིན་གྱི་ནུས་ཆོད་ཆེ་རུ་གཏོང་དགོས་པ། གསུམ་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་དགོས་པ། བཞི་ནས་སྤྱོད་ཚུལ་ལེགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། ལྔ་ནས་སྤྱོད་གཙང་སྲིད་ཞུ་མཐའ་འཁྱོངས་བྱེད་དགོས་པ། དྲུག་ནས་ལྟ་སྐུལ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས།
           བློ་བཟང་རྒྱལ་མཚན་གྱིས་སྙན་སྒྲོན་ནང་། མཇུག་ཏུ་འདས་ཟིན་པར་ཕྱིར་མིག་ལྟ་སྐབས། ང་ཚོར་སྤོབས་སེམས་ཆེན་པོ་སྐྱེ་བ་དང་། མ་འོངས་པར་ཁ་ཕྱོགས་སྐབས་ང་ཚོར་གདེང་ཚོད་ཆེན་པོ་ཡོད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ལམ་བཤངས་གསར་གཏོད་དང་འབད་འབུངས་ཡར་བརྩོན་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད། 
    ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་བོད་རང་སྐྱོང་ལྗོངས་ཀྱི་2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་ལེན་བསྟར་ཚུལ་དང་། 2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་2016ལོའི་ནོར་སྲིད་སྔོན་རྩིས་ལག་ལེན་བསྟར་ཚུལ་དང་2017ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན་བཀྲམ་ནས་འཐུས་མིར་ཞིབ་བཤེར་བྱ་རྒྱུར་ཕུལ་བ་རེད།
            རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས། ཁྲིམས་ཁང་། ཞིབ་དཔྱོད་ཁང། བོད་དམག་ཁུལ་ཁང་། དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་ཞིང་ཆེན་དང་དམག་ཁུལ་རིམ་པའི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་པ་དང་འབྲེལ་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད།
            རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་འཐུས་མི་མིན་པའི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གྲུབ་ཆའི་མི་སྣ་དང་། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ས་ཁུལ་(གྲོང་ཁྱེར)དང་རྫོང་(ཆུས)གི་མི་དམངས་འཐུས་ཚོགས་དང་སྲིད་གཞུང་གི་འགན་ཁུར་བ་གཙོ་བོ་བཅས་ཚོགས་འདུར་ཟུར་ཞུགས་གནང་ཡོད།
    ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་འགན་ཁུར་བས་ཚོགས་འདུ་ཟུར་ཉན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།