འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།སེམས་གཏིང་གི་གླུ་གཞས་བླངས་པ།

    ཆུས་སུང་གིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་16ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            “སློབ་གྲྭ་དང་དཔེ་དེབ་མེད་པའི་ཐག་རིང་ལུང་ཁུག་ཏུ་ཡང་ཟློས་གར་ཡོད། ཟློས་གར་ནི་མི་དམངས་ཀྱི་ལོ་རྒྱུས་ཡིན་ལ། ཀྲུང་གོའི་སྲོལ་རྒྱུན་ཟློས་གར་ནི་འཇིག་རྟེན་གྱི་ཁམས་ཆེན་མོ་ཇི་བཞིན་ཧ་ཅང་ཕུན་སུམ་ཚོགས” “ཁུན་ཧྲན་ཁྲང་ཞི་ཟློས་གར་《པད་མའི་སྤྱིལ་བུ་》ཞེས་པ་དེ་ཨུ་རུ་སུར་ཐེངས་ཁ་ཤས་འཁྲབ་པར་ལྟད་མོ་བ་ཚོའི་དགའ་བསུ་ཐོབ་ཡོད། ཟློས་གར་འདིའི་འཁྲབ་ཚིག་ཁྲོད་ཀྱི་བརྩེ་དུང་གི་ཉམས་འགྱུར་གྱིས་རྗོད་བྱེད་ཚིག་གི་གསང་བ་བརྟོལ་ནས་ལྟད་མོ་བ་ཚོའི་སེམས་པའི་གཏིང་རིམ་ལ་བག་ཆགས་ཟབ་མོ་བཞག་ཡོད”ཅེས་ཨུ་རུ་སུ་ཚན་རིག་ཁང་ཤར་ཕྱོགས་རིག་པ་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་སི་ཝེ་ཐེ་ལན་ནཱ·ཞེ་ལུའོ་ཝས་འཛུམ་དམུལ་དམུལ་ངང་བརྗོད་མོད། ཡིན་ན་ཡང་ཀྲུང་གོའི་མིང་རྒྱལ་རབས་ཀྱི་ཟློས་གར་མཁས་པ་ཐང་ཤེན་ཙུའུ་ཡིས་བརྩམས་པའི་《པད་མའི་སྤྱིལ་བུ་》འདི་སྔོན་ཆད་ཨུ་རུ་སུའི་ཡི་གེར་བསྒྱུར་མེད་པ་རེད། 1976ལོར་རྒྱའི་རིག་པ་མཁས་ཅན་མེན་ཤིས་ཁོ་ཧྥུའུ་ཡིས་གཞི་ནས་དུམ་བུ་གཉིས་བསྒྱུར་ཏེ་ཨུ་རུ་སུའི་ཀློག་པ་པོ་ཚོར་ཟློས་གར་གྲགས་ཅན་དེར་མཇལ་བའི་གོ་སྐབས་མཁོ་འདོན་བྱས་པ་རེད།
            ལོ་མང་པོ་རྗེས་ནས་གཞི་ནས་ལེགས་འགྲུབ་བྱུང་བའི་ཨུ་རུ་སུའི་འགྱུར་མ་ལ། ཞེ་ལུའོ་ཝས་ཀྲུང་གོའི་རིག་གནས་ནི་མཐའ་མེད་གཏིང་དཔོག་དཀའ་བའི་འཇིག་རྟེན་གྱི་ཁམས་ཆེན་པོ་དང་འདྲ་སྟེ། ཆ་ཤས་ཕྲན་བུ་ཙམ་ཡང་ཞིབ་འཇུག་གཏིང་ཟབ་བྱེད་རན་ཡོད་པ་རེད། ཨུ་རུ་སུའི་རྒྱའི་རིག་པ་ཞིབ་འཇུག་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཀྱང་། དེ་ནི་ཀྲུང་གོའི་རིག་གནས་ལ་མཚོན་ན་ཆ་ཤས་དང་ཟུར་ཙམ་ཞིག་ཡིན་པ་རེད། “ང་ཚོ་ཀྲུང་གོའི་རིག་གནས་ལ་དགའ་རྐྱེན་ཀྲུང་གོའི་རིག་གནས་ལ་ཞིབ་འཇུག་བྱེད་སྐབས་སོ་སོའི་ཆུ་ཚད་དང་བསྟུན་ནས་བྱས་པ་ཡིན། བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་ལ་མཚོན་ན། ཐོག་མར‘ང་ལ་དོན་ངོ་མར་བརྩམས་ཆོས་འདི་ཡག་པོར་སྒྱུར་པའི་ཡོན་ཚད་ཡོད་དམ་མེད’ཅེས་རང་གི་རང་ལ་འདྲི་གི་ཡོད། གལ་སྲིད་མེད་ཚེ། མ་སྒྱུར་རང་སོར་འཇོག་པ་ལས་ལ་སྒྱུར་ལོག་བྱས་ནས་གཏོར་བརླག་གཏོང་གི་མེད”བརྗོད་བྱ་ཙམ་སྒྱུར་སླ་མོད། ཡིན་ན་ཡང་སྙན་ངག་གི་ཉམས་འདོན་རྒྱུ་ཧ་ཅང་དཀའ། 《པད་མའི་སྤྱིལ་བུའི་》རྗོད་བྱེད་ཚིག་གི་སྡེབ་སྦྱོར་གྱིས་ཡིད་དབང་རབ་ཏུ་འཕྲོག་རྐྱེན་ཞེ་ལུའོ་ཝ་ཡིས་རང་དགར་སྒྱུར་མ་ཕོད། ཡིན་ན་ཡང་ཨུ་རུ་སུ་དང་ཀྲུང་གོ་གཉིས་ཀའི་རིག་གནས་ལ་རྒྱུས་ཟབ་མོ་ཡོད་པའི་ཁོང་གི་གྲོགས་པོ་དགེ་རྒན་ཆེན་མོ་ལི་དབྱིན་ནན་ནི་《པད་མའི་སྤྱིལ་བུ་》སྒྱུར་མཁན་གྱི་འོས་མི་ལེགས་ཤོས་ཤིག་ཡིན་པ་རེད།
            2016ལོར། མི་རྣམས་ཀྱིས་ཤར་ནུབ་གཉིས་ཀྱི་ཟློས་གར་མཁས་ཅན་རྣམ་གཉིས་འཁྲུངས་ནས་ལོ་400འཁོར་བར་དྲན་གསོ་ཞུས་ཤིང་། ཞེ་ལུའོ་ཝས་སྨྱུག་ཐོགས་པར་འཁྲུངས་འདས་ཀྱི་ལོ་ཚིགས་ཉེ་བ་ཙམ་ནི་འཁྲབ་གཞུང་རྩོམ་པ་པོ་འདི་གཉིས་མཉམ་དུ་གླེང་བའི་རྩ་བའི་རྒྱུ་མཚན་དེ་གཏན་ནས་མ་ཡིན་ཞེས་བརྗོད་པ་རེད།
           ཞེ་ལུའོ་ཝ་ནི་རིག་གནས་ཀྱི་རྣམ་པ་ཟབ་པའི་ཁྱིམ་ཚང་ཞིག་ཏུ་འཚར་ལོངས་བྱུང་བ་ཡིན། ཁོང་གི་ཨ་ཕ་ནི་དེ་སྔར་གླུ་གར་འཁྲབ་སྟོན་པ་ཞིག་ཡིན་ལ། རྗེས་སུ་ཤར་ཕྱོགས་རིག་གནས་ལ་དགའ་ཞེན་ཆེ་བའི་ཨ་མའི་རྒྱབ་སྐྱོར་འོག་ཚན་རིག་ཁང་ཤར་ཕྱོགས་རིག་པ་ཞིབ་འཇུག་སུའོ་རུ་ཕྱིན་ནས་ཀྲུང་གོའི་ཟློས་གར་སྐོར་ལ་ཞིབ་འཇུག་བྱས་པ་རེད། སྔོན་ཆད་ཀྱི་རྒྱའི་རིག་པ་མཁས་ཅན་མང་ཆེ་བ་གཤེགས་ཚར་པས། ཞེ་ལུའོ་ཝ་ནི་ད་ཆའི་ཨུ་རུ་སུའི་ཀྲུང་གོའི་ཟློས་གར་ཞིབ་འཇུག་ཁྱབ་ཁོངས་ཀྱི“ཐོ་རེངས་སྐར་ཆེན”ལྟ་བུར་གྱུར་ཡོད་པ་རེད། དགུང་ལོ་83བཞེས་པའི་རྒན་མོ་ཁོང་གིས་ད་ཆ་ཡང་ཀྲུང་གོའི་ཟློས་གར་གྱི་མཛེས་དཔྱོད་རིག་པའི་ལྟ་བའི་སྐོར་གྱི་ཆེད་རྩོམ་ཞིག་འབྲི་གི་ཡོད་པ་རེད། “དེང་སང་གི་ན་གཞོན་ཚོས་གནའ་བོའི་ཟློས་གར་གྱི་མཛེས་ཉམས་དང་བློ་གྲོས་དེ་སོ་སོའི་འཚོ་བའི་ཁྲོད་ནས་བརླག་ཟིན་པ་ཚོར་གྱི་མི་འདུག”དཀའ་ཚེགས་ཆེ་བའི་སྐབས་སུ“ལུས་སེམས་གཉིས་ཀ་སྡུག་ལ་སྦྱར་ནས་ཀློག་པ་པོ་ཁ་ཤས་ལས་མེད་པའི་དེབ་འདི་མུ་མཐུད་སྒྱུར་དོན་ཅི་ཡིན་ནམ”ཞེས་རང་གིས་རང་ལ་དྲིས་མྱོང་། “ཡིན་ན་ཡང་འདི་ནི་ངའི་སེམས་པའི་གཏིང་རིམ་གྱི་གླུ་ཞིག་ཡིན་པས་མ་བླངས་ན་སེམས་བདེ་པོ་མི་འདུག”2016ལོར། ལི་དབྱིན་ནན་གྱིས་བསྒྱུར་པའི་《པད་མའི་སྤྱིལ་བུའི་》ཨུ་རུ་སུའི་འགྱུར་མ་ཆ་ཚང་དེ་གཞི་ནས་པར་འགྲེམས་ཐུབ་པ་རེད། ཞེ་ལུའོ་ཝས་ན་གཞོན་སྔར་བས་མང་པོ་ཞིག་གིས་དེབ་འདི་བཀླགས་ནས་ཀྲུང་གོའི་གནའ་བོའི་ཟློས་གར་གྱི་མཚར་སྡུག་ཤེས་རྟོགས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།