འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་འབྲི་ཆུའི་སྣོད་བཅུད་སྲུང་ཡོལ་བརྟན་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་3ཉིན། “ཅིང་ཧུའུ་མཚེའུ་རུ་ཡ་ཙེ་མགོ་ནག་མཐོང་རྒྱུ་འདུག”ཉེ་ཆར་སི་ཁྲོན་ཏེ་དབྱང་དུ“རྩ་ཆེའི་སྐུ་མགྲོན”མང་པོ་སླེབས། གྲོང་ཁྱེར་དེའི་ཅིང་ཧུའུ་མཚེའུ་ཡི་ཆུའི་ཁོར་ཡུག་བཅོས་སྐྱོང་བྱས་པ་བརྒྱུད་དུས་བྱ་ཁྲི་3ལྷག་ཙམ་དགུན་སྒྲོལ་དུ་སླེབས་པ་དང་འབྲེལ་སྟོངས་ལ་ཉེ་བའི་བྱ་རིགས་ཡ་ཙེ་མགོ་ནག་ཀྱང་འདི་ལོའི་དགུན་ཁ་མཐོང་རྒྱུ་ཡོད་པ་རེད། ལྗིད་པའི་བཟོ་ལས་ཁུལ་ཡིན་པའི་ཏེ་དབྱང་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར་གྲུབ་འབྲས་ལྡན་པའི་ངང་བསྐྲུན་པ་དང་། དེ་ནི་སི་ཁྲོན་ཞིང་ཆེན་གྱིས་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་བརྟན་དུ་གཏོང་བའི་དཔེ་མཚོན་ཞིག་ཡིན་པ་རེད།
         སི་ཁྲོན་ཞིང་ཆེན་དེ་ཉིད་འབྲི་ཆུའི་སྟོད་རྒྱུད་དུ་གནས་པས་སྣོད་བཅུད་སྲུང་ཡོལ་གྱི་དོན་སྙིང་གལ་ཆེན་ལྡན་ཞིང་། ཉེ་ལམ་ལོ་ཤས་རིང་སི་ཁྲོན་ཞིང་ཆེན་གྱིས་གཙང་ཆུ་རྒྱུག་ཁུལ་བཅོས་སྐྱོང་དང་སྣོད་བཅུད་ཉམས་གསོའི་འདུ་འགོད་བརྒྱུད་རིམ་ལྡན་པའི་ངང་ལག་ལེན་བསྟར་བ་དང་། གཙང་ཆུ་དང་ཆུ་མཛོད་ཀྱི་ཆུ་འབྲེལ་མཐུད་ཐུབ་པ། ཆུའི་སྣོད་བཅུད་མ་ལག་གྲུབ་ཆ་དང་ནུས་པ་སོར་འཇོག་བྱེད་པ་བཅས་བྱས་པ་དང་དུས་མཚུངས་ཆུ་མཛོད་དང་མཚེའུ་ཡི“ཆུ་དྭངས་ལས་གྲྭ”ལག་ལེན་བསྟར་ཡོད་པ་རེད། 2015ལོའི་ལོ་མཇུག་ཏུ་སི་ཁྲོན་གྱིས“ཆུའི་སྲོལ་ཡིག་བཅུ”བཏོན་ནས་2020ལོར་སླེབས་སྐབས་ཞིང་ཆེན་དེ་ཡོངས་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་དུས་མཚམས་རང་བཞིན་གྱི་ལེགས་བཅོས་བྱེད་པ་དང་འབྲེལ་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་དང་སྣོད་བཅུད་མ་ལག་འཁོར་རྒྱུག་བཟང་པོ་ཡོང་བ་བྱེད་རྩིས་ཡོད་པ་རེད།
         ཏུང་ཕོ་གྲོང་ཁྱེར་གྱི་འདམ་རའི་སྤྱི་གླིང་ལ་མུའུ་3000ཡོད་པ་དང་། ཤང་ཧྲུའེ་ལིའུ་ཧྥང་འདམ་རའི་སྤྱི་གླིང་ལ་མུའུ་3000ཡོད་པ་སོགས་སི་ཁྲོན་མའེ་ཧྲན་གྲོང་ཁྱེར་དུ་གཞི་ཁྱོན་དེ་ལྟར་ལྡན་པའི་འདམ་རའི་སྤྱི་གླིང་10ལྷག་ཙམ་ཡོད་པ་རེད། ཉེ་ལམ་ལོ་ཤས་རིང་མའེ་ཧྲན་གྲོང་ཁྱེར་གྱིས“མཚེའུ་སྟོང་གི་གྲོང་ཁྱེར”རྣམ་གྲངས་ལག་ལེན་བསྟར་ནས་མཚེའུ་དང་ཆུ་བོའི་འགྲམ་དུ་འདམ་རའི་སྤྱི་གླིང་བསྐྲུན་རྒྱུར་བརྟེན་པས་སྣོད་བཅུད་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད། གྲོང་ཁྱེར་དེའི་རེན་ཧྲོའུ་རྫོང་ལ་དཔེ་བཞག་ནས་བརྗོད་ཚེ་འདམ་ར་བསྐྲུན་རྗེས་གནམ་གཤིས་ཆ་རྐྱེན་དང་ཆར་པ་འབབ་ཚད་ལེགས་སུ་མངོན་གསལ་ཕྱིན་ཡོད་པ་མ་ཟད། ད་དུང་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱང་ལོ་ལྟར་ཉིན་300ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད་།
         འདམ་རའི་རྒྱུག་ཆུར་ཕྱོགས་བསྡུས་ཕན་འབྲས་ཐོན་ནས་སྣོད་བཅུད་ནུས་པ་དང་ས་ཁོངས་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་ཡོད་ཅིང་། སི་ཁྲོན་ཞིང་ཆེན་ལ་འདམ་ར་ཧ་ཅང་མང་པོ་ཡོད་པས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་འདམ་ར་40ལྷག་ཙམ་ཡོད་པ་རེད། འདམ་ར་ཉམས་གསོ་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས“སའི་གོ་ལའི་མཁལ་མའི”ནུས་པ་འདོན་སྤེལ་བྱས་ཏེ་སི་ཁྲོན་ཞིང་ཆེན་གྱིས་འདམ་ར་སྲུང་སྐྱོང་གི་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་བ་དང་དུས་མཚུངས་ཆུ་བོ་དང་མཚེའུ་སོགས་ཀྱི་འདམ་རའི་ཐོན་ཁུངས་ལ་བརྟེན་ནས་རྨོ་བསྐྱུར་འདམ་གསོ་དང་སྣོད་བཅུད་ལེགས་གཏོང་དང་ཆུ་ཧུར་ཐག་གསབ་ནས་འདམ་རའི་རྒྱ་ཁྱོན་བརྟན་སྲུང་དང་ཆེ་རུ་བཏང་ཡོད་པ་རེད།
         དབྱི་པིན་གྲོང་ཁྱེར་ཡ་ཁྲེང་ཤང་ཏ་པ་གྲོང་ཚོར་སྐྱོད་སྐབས་སྐས་ཞིང་ཚང་མར་འབྲས་ཤིང་སྡོང་པོ་བཏབ་པ་མཐོང་རྒྱུ་ཡོད་པ་དང་། ཆུ་སྲུང་ནགས་ཤིང་བཏབ་པ་དང་ས་ཆུ་བཅོས་སྐྱོང་བྱས་པ་བརྒྱུད་གྲོང་ཚོ་དེ་ཡོངས་ཀྱི་་2015ལོར་ས་ཆུ་ཤོར་ཚད་2013ལོ་ལས་70%ཡན་ཉུང་དུ་ཕྱིན་ཡོད་པ་རེད། གྲོང་ཚོ་དེས་ས་ཆུ་ཤོར་རྒྱུ་བཅོས་སྐྱོང་བྱེད་པའི་བརྒྱུད་རིམ་ནང་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་གཏོང་ཚད་སྒོར་ཁྲི་1200ལྷག་ཙམ་ཟིན་ཡོད་པ་རེད།
        བསྡོམས་རྩིས་བྱས་པར་གཞིགས་ན། སི་ཁྲོན་ལ་ད་ཆ་ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་13ཟིན་ནས་ཞིང་ཆེན་དེ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་བཞི་ཆ་གཅིག་ལྷག་ཙམ་ཟིན་ཡོད་པ་རེད། ས་ཆུ་ཤོར་རྒྱུ་ཚོད་འཛིན་བྱས་ཚེ་གཞི་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྲུང་ཡོལ་བརྟན་དུ་གཏོང་ཐུབ། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་སི་ཁྲོན་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཆེད་དངུལ་སྒོར་དུང་ཕྱུར་138.38བཏང་ནས་སྤྱི་ལེ་ངོས་གྲུ་ཁྲི་1.4ཙམ་ཟིན་པའི་ས་ཆུ་ཤོར་སའི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལེགས་སྒྲུབ་བྱས་པས་ས་ཆུ་ཤོར་བ་བཅོས་སྐྱོང་རྒྱ་ཁྱོན་བཅོས་སྐྱོང་མ་བྱས་གོང་ལས་70%ཉུང་དུ་ཕྱིན་ཡོད་པ་རེད། འཆར་འགོད་ལ་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་སི་ཁྲོན་གྱིས་ས་ཆུ་གཉིས་ཤོར་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་2.35ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་ས་ཆུ་ཤོར་ཚུལ་སྔར་བས་བཀག་འགོག་བྱེད་རྒྱུ་ཡིན་པ་རེད།
        “དགུན་ཁ་ཡོལ་ཚེ་ཡུལ་སྐོར་བ་སླར་ཡང་མང་དུ་འགྲོ་རྒྱུ་ཡིན་པས་ལོ་གསར་པའི་ནང་འགྲུལ་ཁང་ཁ་ཤས་གསར་དུ་བསྐྲུན་རྒྱུ་ཡིན”ཞེས་རྔ་པ་ཀྲོའུ་མཛོད་དགེ་རྫོང་གི་ལོ་66ལ་སླེབས་པའི་འབྲོག་པ་དཔལ་རྒྱལ་གྱིས་དེ་ལྟར་བརྗོད་པ་དང་། བཟོ་བཀོད་ལེགས་པའི་བོད་བཟོའི་ཁང་པ་གསར་པའི་སྒོ་འགྲམ་དུ་བསྡད་དེ་ལོ་གཅིག་རིང་གི་ཡོང་འབབ་རྩིས་རྒྱག་བཞིན་འདུག མཛོད་དགེ་རྫོང་གི་འདམ་རའི་རྒྱ་ཁྱོན་སླར་གསོ་ཐུབ་པ་དང་བསྟུན་ནས་ས་ཆ་དེ་གའི་ཡུལ་སྐོར་ལས་རིགས་ཀྱང་རིམ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད། མིག་སྔར། མཛོད་དགེ་རྫོང་དེ་རྨ་ཆུའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་དམར་ཐིག་ཁུལ་ནང་བཅུག་ནས་རྩྭ་རར་བརྟེན་ནས་ཕྱུགས་རིགས་མགོ་གྲངས་གཏན་འཁེལ་དང་རྩྭ་ཕྱུགས་དོ་སྙོམས་པའི་སྲིད་ཇུས་ལག་བསྟར་བྱས་པ་རེད། མ་གཞི་འབྲོག་ལས་ཀྱི་གཞི་ཁྱོན་ལ་ཚོད་འཛིན་ཕོག་མོད། འོན་ཀྱང་ནོར་ལུག་གི་རྒྱུད་པ་ལེགས་སུ་ཕྱིན་པ་དང་གྲོང་ཚོའི་མཉམ་སྡེབ་ཀྱི་ཡུལ་སྐོར་ཡོང་འབབ་བགོ་བ་སོགས་ཀྱིས་འབྲོག་པའི་ཡོང་འབབ་སྔར་བཞིན་མཐོ་རུ་ཕྱིན་ཡོད་པ་རེད།
         སྣོད་བཅུད་ཁོར་ཡུག་གི་དམར་ཐིག་སྲུང་བ་ནི་འཕེལ་རྒྱས་ལ་བརྟེན་ནས་འབབ་འཕར“ཡོང་ཁུངས”སྲུང་བ་དང་གཅིག་མཚུངས་ཡིན། 2016ལོར་སི་ཁྲོན་གྱིས་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་20ལྷག་ཙམ་ཟིན་པའི་སྣོད་བཅུད་སྲུང་སྐྱོང་དམར་ཐིག་ཁུལ་13ཕྱེ་ཡོད་པས་ཞིང་ཆེན་དེ་ཡོངས་ཀྱི་རྒྱ་ཁྱོན་གྱི་40%ལྷག་ཙམ་ཟིན་ཡོད་པ་རེད། གཞན་ཡང་སི་ཁྲོན་གྱིས་དམར་ཐིག་དོ་དམ་ཚོད་འཛིན་གྱི་བཀག་རྒྱའི་གསལ་ཐོ་དང་། སྣོད་བཅུད་ཁ་གསབ། གྲུབ་འབྲས་དཔྱད་ཞིབ་སོགས་ཀྱི་ལམ་ལུགས་འཛུགས་རྒྱུའི་འཆར་འགོད་བྱས་ཏེ་དམར་ཐིག་གི་འགན་འཁྲི་རིམ་པ་སྟར་ཆགས་བཞིན་དོན་འཁྱོལ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།