འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།“ནོར་གནག”རྟགས་ཅན་སྦི་རག་གི་སྙན་གྲགས་འཛམ་གླིང་ས་ཕྱོགས་ཀུན་ལ་ཁྱབ།

    ——སུའེ་ཙེར་གྱི་བོད་རིགས་སྤུན་ཟླའི་ཕུགས་འདུན་སེམས་ཀྱི་ཉི་ཟླར་འགྲུབ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་15ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གཉེར་བའི་2016ལོའི་ཉིའུ་ལུན་པའོ་རྒྱལ་སྤྱིའི་སྦི་རག་དང་བཏུང་བྱའི་འགྲེམས་སྟོན་ཐོག་ཀྲུང་གོ་ནས་ཐོན་པའི་སྦི་རག་ནག་པོར་ཡོ་རོབ་ཀྱི་ལས་རིགས་གཅིག་པའི་བསྔགས་བརྗོད་ཐོབ་ཡོད། སྦི་རག་ཐོན་ཡུལ་ས་བབ་སྨི་3300ཟིན་པའི་སེམས་ཀྱི་ཉི་ཟླའི་ས་མཐོར་གནས་པས་དེར་ནོར་གནག་ཅེས་ཐུན་མོང་མ་ཡིན་པའི་མིང་ཞིག་ལྡན་ཡོད།
         “བོད་རིགས་ས་ཁུལ་དུ་ནོར་གྱིས་གནས་བབ་གལ་ཆེན་བཟུང་གི་ཡོད་ལ་དེ་ནི་མཚོན་རྟགས་ཤིག་ཀྱང་རེད”ཅེས་འདི་ལོ་ལོ་43ལ་སོན་པའི་བོད་རིགས་ཕོ་རྒོད་རྒྱལ་ཟུར་སྲོང་བཙན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་གོང་གསལ་གྱི་སྐད་ཆ་དེ་དག་བརྗོད་ཅིང་། ཁོང་གིས“ནོར་གནག”རྟགས་ཅན་དེ་2016ལོར་ཡོ་རོབ་ཀྱི་སྦི་རག་ལེགས་འདེམས་ཁྲོད་པོ་ཤི་སྨི་ཡའི་བྲོ་བ་ལྡན་པའི་སྦི་རག་ནག་པོའི་རིགས་ཀྱི་དངུལ་གྱི་བྱ་དགའ་ཐོབ་པ་དེ་ནི་ཀྲུང་གོའི་སྐམ་ས་ཆེ་མོའི་ས་ཁུལ་ནས་ཐོན་པའི་སྦི་རག་ལ་རྣམ་གྲངས་དེའི་རྒྱལ་སྤྱིའི་གྲགས་ཅན་གྱི་སྦི་རག་སྙོལ་བཟོའི་འགྲན་བསྡུར་ཁྲོད་དངུལ་གྱི་བྱ་དགའ་ཐོབ་ཐེངས་དང་པོ་དེའང་རེད།
         རྒྱལ་ཟུར་སྲོང་བཙན་ནི་སྲོལ་རྒྱུན་གྱི་བོད་ཆས་གྱོན་ནས་བྱ་དགའ་བླངས་མཁན་འབའ་ཞིག་དེ་ཡིན་ལ་ཁོང་གི་ཐུན་མིན་ཁྱད་ཆོས་ལྡན་པའི“ནོར་གནག”རྟགས་ཅན་གྱི་སྦི་རག་དེ་འགྲན་ཞུགས་སྦི་རག་རིགས་2000ལྷག་ཙམ་གྱི་ཁྲོད་ནས་བྲོ་བ་དམིགས་བསལ་ཞིག་ལྡན་ཡོད།
         རྒྱལ་ཟུར་སྲོང་བཙན་གྱིས་སྦི་རག་དེར་འབྲུ་རིགས་ནས་དང་མཐོ་སྒང་གི་ཆུ་སོགས་སེམས་ཀྱི་ཉི་ཟླའི་ཐུན་མོང་མ་ཡིན་པའི་རྒྱུ་ཆ་སྤྱད་ཁར་འཇར་མན་གྱི་བཟོ་རྩལ་བཞིན་བསྙལ་བ་ཞིག་ཡིན་པས་དེ་ནི་སྦི་རག་སྙོལ་བཟོའི་ཁྱབ་ཁོངས་ཁྲོད་ཀྱི་ཀྲུང་གོ་དང་ཕྱི་རྒྱལ་གྱི་ལག་རྩལ་ཟུང་དུ་སྦྲེལ་བའི་འབྲས་བུ་ཞིག་ཡིན་པས་བྲོ་བ་དམིགས་བསལ་ཞིག་ཡོད་ཅེས་ངོ་སྤྲོད་བྱས།
        ཡོ་རོབ་ཀྱི་སྦི་རག་ལེགས་འདེམས་གཙོ་གཉེར་བྱེད་མཁན་གཙོ་བོ་ཡིན་པའི་འཇར་མན་གྱི་སྒེར་གྱི་སྦི་རག་བཟོ་གྲྭའི་མཉམ་འབྲེལ་ལྷན་ཚོགས་ཀྱིས“ནོར་གནག”རྟགས་ཅན་གྱི་སྦི་རག་ལ་བྱ་དགའ་སྤྲོད་པའི་ཤིས་ཚིག་གསུང་སྐབས“ཀྲུང་གོའི་སྦི་རག་བཟོ་གྲྭས་ཡོ་རོབ་ཀྱི་སྲོལ་རྒྱུན་དང་རྙོག་འཛིང་ཆེ་བའི་སྦི་རག་སྙོལ་བཟོའི་བཟོ་རྩལ་ཁོང་དུ་ཆུད་པ་ང་ཚོས་དགའ་སྤྲོའི་ངང་མཐོང་བྱུང”ཞེས་བརྗོད། སྦི་རག་འཐུང་རྒྱུར་དགའ་བའི་རྒྱལ་ཟུར་སྲོང་བཙན་གྱི་ངོས་ནས་བཤད་ན་སྦི་རག་སྙོལ་བཟོ་འདི་ཉིད་ཡོ་རོབ་དང་ཀྲུང་གོའི་དབར་གྱི་སྦྲེལ་ཟམ་ལྟ་བུར་གྱུར་ཡོད་པ་རེད།
         ལོ་ན་14ལ་སོན་སྐབས་རྒྱལ་ཟུར་སྲོང་བཙན་སེམས་ཀྱི་ཉི་ཟླར་ཐེངས་དང་པོ་ཡོང་སྐབས་ངོ་མཚར་ཆེ་བའི་ས་གཞི་དེས་ཁོང་གི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཡོད། “ཕྲུ་གུ་ཞིག་གི་ངོས་ནས་བརྗོད་ན་ཉིན་ལྟར་རི་སྟེང་དུ་སྲོག་ཆགས་དང་འཆམ་མཐུན་མཉམ་གནས་དང་ད་དུང་ནགས་ཚལ་ཁྲོད་རང་དགར་རྩེད་མོ་རྩེ་རྒྱུ་ཡོད་པ་དེ་ནི་ཆེས་སྤྲོ་སྣང་ལྡན་པའི་བྱ་བ་ཞིག་ཡིན”ཞེས་བཤད་པ་དང་། ཡང་ཁོང་གིས་རང་ཉིད་ཀྱི་ཡིད་དབང་འཕྲོག་བྱེད་ནི་ཡིད་དུ་འོང་བའི་རང་བྱུང་ཁོར་ཡུག་ཙམ་མིན་པར་དེ་བས་མི་དང་རང་བྱུང་ཁམས་དབར་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་དེ་ཡིན་ཞེས་བརྗོད།
         2008ལོར་རྒྱལ་ཟུར་སྲོང་བཙན་སླར་ཡང་སེམས་ཀྱི་ཉི་ཟླར་ཡོང་ནས་ཕ་ཡུལ་དུ་དགེ་སྒྲུབ་བྱ་གཞག་ཐད་ལོ་20ལྷག་ཙམ་རིང་གཞོལ་མཁན་སྐྱེད་མ་རྒྱལ་ཟུར་བསྟན་སྒྲོན་ལགས་ཐུག་འཕྲད་དུ་ཡོང་ཡོད། དུས་རབས་གོང་མའི་ལོ་རབས་90པར་རྒྱལ་ཟུར་བསྟན་སྒྲོན་སུའེ་ཙེར་ནས་ཀྲུང་གོར་ལོག་ཡོང་སྟེ་བོད་རིགས་ས་ཁུལ་དུ་བུ་གསོ་ཁང་བཙུགས་ནས་དྭ་ཕྲུག་མང་པོ་གསོ་ཉར་བྱས་ཡོད།
        སྐྱེད་མའི་བྱ་གཞག་གི་རྒྱུན་མཐུད་ཆེད་རྒྱལ་ཟུར་སྲོང་བཙན་སླར་ཡང་སེམས་ཀྱི་ཉི་ཟླར་ལོག་པ་དང་ཁོང་དང་དུས་གཅིག་ཏུ་ཡོང་མཁན་གྲས་སུ་ད་དུང་བཟའ་ཟླ་དང་བུ་ཕྲུག་ཀྱང་ཡོད་ལ་ཡོ་རོབ་ཀྱི་སྦི་རག་སྙོལ་བཟོའི་བཟོ་རྩལ་ཡང་སློབ་སྦྱོང་བྱས་ཡོད། ཁོང་གི་ཕུགས་འདུན་ནི་མཐོ་སྒང་དུ་སྦི་རག་སྙོལ་བཟོའི་བཟོ་གྲྭ་ཞིག་བཙུགས་ནས་རྒྱུ་ཆ་རང་ས་ནས་སྤྱད་དེ་ས་གནས་དེའི་སྦི་རག་ཞིག་སྙོལ་བཟོ་བྱ་རྒྱུ་དེ་རེད།
         ད་ཆ་རྒྱལ་ཟུར་སྲོང་བཙན་གྱི་མཐོ་སྒང་གི་བཟོ་རྩལ་སྤུས་ལེགས་སྦི་རག་ཀུང་སི་དེ་ལས་བཟོ་40ལྷག་ཙམ་ཡོད་པའི་སྦི་རག་སྙོལ་བཟོའི་ཁེ་ལས་ཤིག་ཏུ་གྱུར་པ་དང་དེའི་ནང་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་ལས་བཟོ་ཡོད་ལ་པའེ་རིགས་དང་། འཇང་རིགས། བོད་རིགས་སོགས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ལས་བཟོ་ཡང་ཡོད་པ་རེད།
         “འཇར་མན་གྱི་སྦི་རག་སྙོལ་བཟོ་མཁས་ཅན་གྱི་རོགས་རམ་འོག་ང་ཚོས་བྲོ་བ་མི་འདྲ་བའི་སྦི་རག་རིགས་6ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད”ཅེས་རྒྱལ་ཟུར་སྲོང་བཙན་གྱིས་བརྗོད་ཅིང་། ཁོང་གིས“ང་ཚོས་ད་དུང་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་བཟོས་ནས་ས་གནས་ཀྱི་ཡུལ་མིར་ཕན་པ་ཐོབ་པ་བྱ་རྒྱུ”ཡིན་ཞེས་བརྗོད།
         རྒྱལ་ཟུར་སྲོང་བཙན་གྱི་སྦི་རག་ཀུང་སི་དང་ས་གནས་ཀྱི་ཞིང་པའི་དབར་འབྲེལ་བ་དམ་ཟབ་ཡོད་པ་དཔེར་ན་ས་གནས་དེའི་ཡུལ་མིའི་ལག་ནས་སྦི་རག་སྙོལ་བཟོའི་རྒྱུ་ཆ་འབྲུ་རིགས་ནས་ཉོ་བ་ལྟ་བུ་རེད། དེར་བརྟེན་རྒྱལ་ཟུར་སྲོང་བཙན་གྱིས“འཇར་མན་དང་སུའེ་ཙེར་དུ་སྦི་རག་དར་ཁྱབ་ཆེན་པོ་བྱུང་བར་བལྟས་ན་སྦི་རག་སྙོལ་བཟོའི་བཟོ་གྲྭས་རྟག་ཏུ་ས་གནས་དེའི་ཞིང་པ་དང་མཉམ་ལས་བྱས་ཏེ་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་ཀྱི་ཡོད། སེམས་ཀྱི་ཉི་ཟླར་ཡང་ང་ཚོས་དེ་ལྟར་སྒྲུབ་ཀྱི་ཡོད”ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།