འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཡིན་པའི་མྱུར་སྐྱེལ་ས་ཚིགས་ཇོ་མོ་གླང་མའི་
    རི་གཤམ་དུའང་དྲ་ཐོག་ནས་དངོས་པོ་ཉོ་མང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་14ཉིན། 09:07】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཡིན་པའི་མྱུར་སྐྱེལ་ས་ཚིགས་ཇོ་མོ་གླང་མའི་
རི་གཤམ་དུའང་དྲ་ཐོག་ནས་དངོས་པོ་ཉོ་མང་བ།
         མི་དམངས་དྲ་བའི་འཕྲིན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5198ཡོད་པའི་རྒྱའུ་ལ་ནས་ཐག་རིང་གི་སར་གློག་འོད་གསལ་ལ་མི་གསལ་ཞིག་མཐོང་སྐབས་ལའོ་དབྱང་དགའ་སྣང་ཕྲན་བུ་སྐྱེས། སྐབས་དེ་དུས་མཚན་མོའི་ཆུ་ཚོད་9པ་ཡོལ་ཟིན་པ་དང་རི་ལམ་བརྒྱུད་ཆུ་ཚོད་གཉིས་མིན་ཙམ་བསྐྱོད་ཚེ་ཁོང་ཁྱིམ་དུ་འབྱོར་གྱི་ཡོད།
         ལའོ་དབྱང་གི་ཁྱིམ་ནི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་དུ་གནས་པ་དང་ཇོ་མོ་གླང་མ་ནས་བར་ཐག་སྤྱི་ལེ་50ཙམ་ལས་མེད་ཅིང་། དེ་ནི་ནང་ས་ནས་ཇོ་མོ་གླང་མར་བསྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན། ཤང་སྲིད་གཞུང་གནས་ཡུལ་དུ་ལའོ་དབྱང་གིས་བརྒྱ་ཟོག་ཚོང་ཁང་ཞིག་བཙུགས་པ་དང་། ཁོང་གཞིས་རྩེར་ཚོང་ཟོག་འཐེན་པར་ཡང་ཡང་འགྲོ་གི་ཡོད། ཉེ་ཆར་ཁོང་གི་ཚོང་ཁང་དུ་ལས་སྒོ་གསར་པ་ཞིག་མང་དུ་ཕྱིན་པ་དེ་ནི་ཡུལ་མི་ཚོའི་མྱུར་སྐྱེལ་དངོས་པོ་ལེན་རོགས་བྱ་རྒྱུ་དེ་རེད།
         འདི་ལོའི་ཟླ་9པར་ཟོག་འགྲེམས་ཞབས་ཞུའི་ལས་སྟེགས་ཀྱི་ཚའེ་ཉའོ་ས་ཚིགས་ཀྱིས་ལའོ་དབྱང་བཙལ་ནས་ཤང་ནང་གི་མི་སེར་གྱི་ཐུམ་སྒྲིལ་ལེན་རྒྱུར་སྟབས་བདེ་བསྐྲུན་ཆེད་ཁོང་ལ་ཤང་ནང་དུ་མྱུར་སྐྱེལ་ས་ཚིགས་འཛུགས་རྒྱུའི་སྐུལ་སློང་བྱས་པ་རེད།
         ལའོ་དབྱང་གིས་རང་ཉིད་རྟག་ཏུ་རྫོང་གྲོང་དུ་འགྲོ་འོང་བྱེད་དགོས་པས་ལས་ཞོར་ཡིན་པ་མ་ཟད་ད་དུང་ཡུལ་མི་ཚོར་སྟབས་བདེ་བསྐྲུན་ཐུབ་པར་སྙམ་ནས་ལས་སྒོ་དེ་དང་ལེན་ཞུས། དེ་མུར“བཀྲ་ཤིས་འཛོམས་ཤང་ཇོ་རིའི་ཚའེ་ཉའོ་ས་ཚིགས”ཞེས་པའི་སྒོ་བྱང་བཀལ་ནས་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཡིན་པའི་མྱུར་སྐྱེལ་ས་ཚིགས་དངོས་སུ་ཤར་གཏོང་བྱས་པ་དང་། ལའོ་དབྱང་གི་བུ་དབྱང་ཐའོ་ཡིས་ས་ཚིགས་ཀྱི་ཞིབ་ཕྲའི་ལས་འགན་ཁུར་ནས་གཟའ་འཁོར་རེའི་རེས་གཟའ་མིག་དམར་ལ་ལའོ་དབྱང་གིས་རྫོང་གྲོང་དུ་ཐུམ་སྒྲིལ་ལེན་པར་ཐེངས་རེ་འགྲོ་གི་ཡོད།
         བཀྲ་ཤིས་འཛོམས་ཤང་འདི་ཉིད་རི་མཐོ་ལ་ལམ་ཐག་རིང་མོད། འོན་ཀྱང་དྲ་ཐོག་དངོས་པོ་ཉོ་རྒྱུ་དེ་དེ་གར་རྒྱུས་མངའ་ཆེན་པོ་ཡོད། དེས་ན་དངོས་ཟོག་འབྱོར་དཀའ་བ་དེ་ས་ཆ་དེ་གའི་དྲ་ཐོག་དངོས་པོ་ཉོ་མཁན་མང་པོ་ཞིག་གི་སེམས་ནད་ཅིག་རེད།
         ཤང་ནང་གི་རུས་མིང་ལ་ལི་ཟེར་བའི་ཕོ་གསར་ཞིག་གིས་གསར་འགོད་པར་སྔོན་ཆད་དིང་རི་རྫོང་གྲོང་དུ་ཐུམ་སྒྲིལ་འབྱོར་བར་ཟླ་ཕྱེད་དང་ཐ་ན་ཉིན་20ཙམ་འགོར་གྱི་ཡོད་པ་དང་། དེ་རྗེས་ཤང་ཁག་ཏུ་མི་སྐྱེལ་བར་རང་ཉིད་ཀྱིས་རྫོང་གྲོང་དུ་ལེན་པར་འགྲོ་དགོས་ཀྱི་ཡོད། ལའོ་དབྱང་གི་ས་ཚིགས་བཙུགས་པ་དེས་དཀའ་གནད་དེ་ཐག་གཅོད་ཐུབ་ཡོད་ཅེས་བཤད།
         ཟླ་11ཚེས་8ཉིན་ནི་རེས་གཟའ་མིག་དམར་ཡིན་པ་དང་ལའོ་དབྱང་གིས་རྫོང་ནང་ནས་ཐུམ་སྒྲིལ་འབོར་ཆེན་ཞིག་འཁྱེར་ཡོད། རང་ཉིད་ཀྱི་ཐུམ་སྒྲིལ་ཡང་འབྱོར་བ་ཤེས་རྗེས་ཤང་ནང་གི་ལས་དོན་པ་བདེ་སྐྱིད་སྒྲོལ་མས་དྲ་ཐོག་ནས་ཉོས་པའི་གོས་ཐུང་ལེན་པར་སླེབས་པ་དང་ད་ཐེངས་ནི་ཟླ་གཅིག་ནང་ཁོང་གིས་ས་ཚིགས་སུ་ཐུམ་སྒྲིལ་ལེན་ཐེངས་ལྔ་པ་དེ་ཡིན་པ་རེད།
         “ད་ཆ་ལའོ་དབྱང་གི་བཀའ་དྲིན་གྱིས་སྔོན་ཆད་དང་མི་འདྲ་བར་དྲ་ཐོག་ནས་ཉོས་པའི་ཐུམ་སྒྲིལ་མགྱོགས་པོ་འབྱོར་གྱི་འདུག་པས་ངས་ཀྱང་ཡང་ཡང་ཉོ་གི་ཡོད”ཅེས་བདེ་སྐྱིད་སྒྲོལ་མས་བཤད་པ་དང་། ཁོང་གིས་སྐད་འཕྲིན་ཐོག་ཟླ་11ཚེས་11ཉིན་ཉོས་པའི་དངོས་པོ་བསྟན་བྱུང་།
         “རླངས་འཁོར་གཏོང་རྒྱུ་གོམས་གཤིས་འཇགས་པས་ལམ་དུམ་དེར་འགྲོ་རྒྱུར་དཀའ་ལས་ཁག་པོ་མེད་པའི་མྱོང་ཚོར་ཡོང་གི་འདུག”ཅེས་ལའོ་དབྱང་གིས་བརྗོད་པ་དང་། ཁོང་གི་བྱང་ཆུབ་པའི་རླངས་འཁོར་གཏོང་རྩལ་དང་ཡིད་ཆེས་ཆེན་པོ་ལས་མྱུར་སྐྱེལ་ཅ་དངོས་རྣམས་དུས་ཐོག་ཏུ་ས་ཚིགས་སུ་འབྱོར་ཡོད་པ་རེད།
         ཐུམ་སྒྲིལ་ལེན་སྟབས་བདེ་པོ་འདུག་ལ་དྲ་ཐོག་ནས་ཅ་དངོས་ཉོ་མཁན་ཡང་མང་དུ་ཕྱིན་འདུག་ཅེས་ལའོ་དབྱང་གིས་བརྗོད་པ་དང་། ཁོང་གིས་དྲ་ཐོག་ནས་ཅ་དངོས་ཉོ་མཁན་མང་ཤོས་ནི་སྔར་བཞིན་དེ་ཁུལ་གྱི་ན་གཞོན་རེད། ཅ་དངོས་ནང་གྱོན་གོས་དང་། ཉེར་མཁོའི་དངོས་རྫས། ཇ་ལོ། སྦྲང་རྩི། ཨ་རག་རྩེ་གྲ་བཅས་སྣ་ཚོགས་འདུག ཟླ་9ཚེས་27ཉིན་ཐུམ་སྒྲིལ་དང་པོ་དེ་འབྱོར་བ་ནས་བཟུང་ས་ཚིགས་དེས་ཐུམ་སྒྲིལ་200ལྷག་ཙམ་རྩིས་ལེན་བྱས་ཡོད་ཅེས་བརྗོད་ཀྱི་འདུག
         “ལོ་རབས་དགུ་བཅུ་པའི་ནང་སྐྱེས་པའི”དབྱང་ཐའོ་ནི་དྲ་ཐོག་ཅ་དངོས་ཉོ་མཁས་པོ་ཞིག་ཡིན་པ་དང་སེམས་རྩ་འཁོལ་བའི་ཁོ་བོ་དེ་ཁུལ་གྱི་འབྲོག་པ་ཚོའི་དྲ་ཐོག་ཅ་དངོས་ཉོ་རོགས་བྱེད་མཁན་ཞིག་ཏུ་གྱུར་ཡོད་པ་རེད། འབྲོག་པ་ཁག་གཅིག་ལོ་ན་ཅུང་མཐོ་བ་དང་རྒྱ་སྐད་ཀྱང་དེ་ཙམ་ཤོད་ཤེས་ཀྱི་མེད་ལ་དྲ་ཐོག་ནས་ཅ་དངོས་ཉོ་སྒྲུབ་དང་དངུལ་གཏོང་སྤྲོད་སོགས་ཀྱི་བརྒྱུད་རིམ་དེ་བས་བཀོལ་སྤྱོད་བྱེད་མཁས་པོ་མེད། དེར་བརྟེན་དབྱང་ཐའོ་ཡིས་ཁོང་ཚོར་རོགས་རམ་བྱས་ནས་ཅ་དངོས་བདམས་རྗེས་ས་ཚིགས་ཀྱིས་སྔོན་ལ་དངུལ་འདོན་སྤྲོད་སོགས་བྱེད་པ་དང་ཐུམ་སྒྲིལ་འབྱོར་ནས་བློ་ཡིད་ཚིམ་པོ་བྱུང་རྗེས་དངུལ་སྨར་སྤྲད་ནས་རྩིས་རྒྱག་གི་ཡོད་པ་རེད། བྱེད་སྟངས་དེ་རིགས་ལ་དགའ་བསུ་ཆེན་པོ་ཐོབ་པ་དང་དེ་ཁུལ་གྱི་མང་ཚོགས་ཚོས་ཅ་དངོས་ཉོ་སྐབས་ལའོ་དབྱང་གི་རོགས་རམ་ཐོབ་འདོད་བྱེད་ཀྱི་ཡོད་པ་རེད།
         ལའོ་དབྱང་གི་ས་ཚིགས་དེ་ད་དུང་རི་བོ་ཇོ་མོ་གླང་མར་སྐྱོད་མཁན་ཡུལ་སྐོར་བ་དང་རི་འཛེག་པ་འགའ་ཞིག་གི་གཏམ་བཟང་ཞིག་ཏུ་གྱུར་ཞིང་། ཁོང་ཚོས་ཐུམ་སྒྲིལ་ལྕི་པོ་རྣམས་ས་ཚིགས་སུ་བསྐྱལ་ནས་མྱུར་དུ་བསྐུར་གྱི་ཡོད་པ་རེད།
         “ཟླ་11ཚེས་11ཉིན”གྱི་སྔ་རྗེས་སུ་ལའོ་དབྱང་གི་ས་ཚིགས་ལས་བྲེལ་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་ཅིང་། ཚེས་8ཉིན་ཁོ་ནར་ཁོང་གིས་ཐུམ་སྒྲིལ་20ལྷག་ཙམ་བླངས་ཡོད་པ་རེད། ལའོ་དབྱང་གིས་གཟའ་འཁོར་རྗེས་མར་ཐུམ་སྒྲིལ་དེ་བས་མང་དུ་འགྲོ་རྒྱུ་ཡིན་པས་ངས་མང་ཙམ་བསྐྱོད་ནས་ཐུམ་སྒྲིལ་རྣམས་ཡུལ་མི་ཚོའི་ལག་ཏུ་སྔ་ཙམ་སྤྲོད་ཐུབ་པ་བྱ་རྩིས་ཡོད་ཅེས་བརྗོད་ཀྱི་འདུག
         དྲ་ཐོག་ནས་ཅ་དངོས་ཉོ་རྒྱུ་དེ་ད་ཆ་བོད་མི་ཚོའི་འཚོ་བ་སྐྱེལ་ཐབས་ཤིག་ཏུ་གྱུར་ཡོད་ཅིང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཟླ་3པའི་ཟླ་མཇུག་བར་བོད་ཀྱི་སྒུལ་བདེའི་དྲ་སྦྲེལ་སྤྱོད་མཁན་ཁྲི་163.9ཟིན་ཡོད་པ་རེད། དེ་གོང་ཡོངས་བསྒྲགས་བྱས་པའི་གཏོང་སྤྲོད་འབོའི་ལོ་བཅུའི་རྩིས་བསྡུར་རྩིས་ཁྲའི་ཐོག་ནས་མངོན་པར་གཞིགས་ན། 2015ལོར་བོད་ཀྱི་སྒུལ་བདེའི་ཐོག་ནས་དངུལ་གཏོང་སྤྲོད་བྱེད་ཚད་བསྡུར་གྲངས་83.3%ཟིན་ནས་ལོ་4བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོ་སླེབས་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།