འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིང་ཁྲིས་གནད་སྨིན་དབུལ་སྐྱོར་ཐད་བྱ་ཐབས་གསར་པ་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་15ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་བོད་ལྗོངས་ཉིང་ཁྲི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་བོད་ལྗོངས་ཙེ་ཅེ་རིག་གནས་གསར་གཏོད་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྱི“གསར་གཏོད་བོད་ལྗོངས”དང་མཉམ་དུ་སྤེལ་བའི“བོད་ཕག་རི་མོའི་ལག་ཤེས་བཟོ་རྩལ་གནད་སྨིན་དབུལ་སྐྱོར་རྣམ་གྲངས”ཀྱི་དུས་འགོའི་གསོ་སྦྱོང་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཞིང་། ད་ཐེངས་ཀྱི་གསོ་སྦྱོང་དེ་དུས་ཐེངས་དང་པོ་ཡིན་པ་དང་དེའི་དམིགས་ཡུལ་ནི་ཁྲོམ་ར་སྟོན་ཕྱོགས་སུ་བྱེད་པའི་གནད་སྨིན་དབུལ་སྐྱོར་ལ་བརྟེན་ནས་འཁོར་རྒྱུག་བཟང་པོ་དང་རྒྱུན་བསྲིང་འཕེལ་རྒྱས་ཡོང་བ་བྱེད་པ་དང་རྒྱུན་མཐུད་ངང་གནད་སྨིན་དབུལ་སྐྱོར་ཐུབ་པ་བྱ་རྒྱུ་དེ་རེད།
         བོད་ལྗོངས་ཉིང་ཁྲིའི་ཡུལ་ལྗོངས་ཧ་ཅང་མཛེས་སྡུག་ལྡན་པ་དང་ས་བབ་དམའ་བ་མ་ཟད། སྔོ་ཁེབས་ཐོན་ཁུངས་ཕུན་སུམ་ཚོགས་པས་ཡུལ་སྐོར་བས“ཤར་ཕྱོགས་ཀྱི་སུའེ་ཙེར”ཞེས་བརྗོད་ཀྱི་ཡོད། ཉིང་ཁྲིའི་བོད་ཕག་ནི་ས་གནས་དེ་གའི་གཅེས་ཉར་སྲོག་ཆགས་ཡིན་པ་དང་དེའི་གཟུགས་སྟོབས་ཆུང་ལ་ནག་པ་དང་བྱམས་པོ་བྱེད་འདོད་པ་ཞིག་ཡོད་པས་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
         ཙེ་ཅེ་རིག་གནས་གསར་གཏོད་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྱི་བློ་གྲོས་མེ་ཏོག་སྤུས་རྟགས་ཀྱིས་བོད་ཕག་གི་རྣམ་པ་དེ་ཡུལ་སྐོར་གྱི་དྲན་རྟེན་དངོས་རྫས་སུ་གསར་སྤེལ་བྱས་ནས་ཤིང་བརྐོས་བོད་ཕག་དང་ཐང་གའི་རི་མོ་ཟུང་འབྲེལ་བྱས་ཐོག་ཐང་གའི་རི་མོ་མཁས་ཅན་སྤེན་པ་ལགས་གདན་དྲངས་ཏེ་རི་མོ་མི་འདྲ་བ་བཅུའི་ཐོག་ནས་བོད་ཕག་གི་གཟུགས་བརྙན་ཆུང་གྲས་བྲིས་ཏེ་དེ་དག་ཙེ་ཅེ་ཀུང་སིའི་ཁོངས་གཏོགས་ཀྱི་གསར་གཏོད་བོད་ལྗོངས་ཀྱི་ཚོང་ཁང་དང་དེ་བཞིན་དྲ་བའི་ཐོག་བྲིན་ཁ་རྒྱུག་པ་མ་ཟད། རྒྱ་ཆེའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད།
         ཉིང་ཁྲིའི་ཞིང་འབྲོག་པ་རྣམས་སྔ་ཙམ་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་འཚོ་བ་སྐྱེལ་ཐུབ་པ་བྱ་ཆེད། བོད་ལྗོངས་ཙེ་ཅེ་རིག་གནས་གསར་གཏོད་ཚད་ཡོད་ཀུང་སིས་གནད་སྨིན་དབུལ་སྐྱོར་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་དང་དུད་ཚང་དབུལ་པོའི་མི་སྣས་རི་མོ་འབྲི་བའི་གཞི་རྩའི་རྩལ་ནུས་ཤེས་ཐུབ་པ་བྱ་རྒྱུ་དང་ཙེ་ཅེ་ཀུང་སིས་རང་བདག་ངང་གསར་སྤེལ་བྱས་པའི་བོད་ཕག་གི་རི་མོའི་རྣམ་གྲངས་ཁག་གཅིག་ནང་ས་ནས་བོད་ལྗོངས་ཉིང་ཁྲིར་སྤོས་ཏེ་ཞིང་འབྲོག་པ་ལག་བྲིས་རྣམ་གྲངས་ནང་ཞུགས་སུ་བཅུག་པས་ཞིང་འབྲོག་པའི་ཡོང་འབབ་ཐད་ཀར་མང་དུ་འགྲོ་རྒྱུ་མ་ཟད། ཞིང་འབྲོག་པར་དངོས་ཕན་ཐོབ་པ་དང་གནད་སྨིན་དབུལ་སྐྱོར་གྱི་འཐབ་ཇུས་དོན་འཁྱོལ་ཐུབ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གནད་སྨིན་དབུལ་སྐྱོར་རྣམ་གྲངས་དེ་2016ལོའི་ལོ་མཇུག་ནས་2017ལོའི་ལོ་མཇུག་བར་མུ་མཐུད་ལག་བསྟར་བྱ་རྒྱུ་དང་བོད་ཕག་རི་མོ་ཁྲི་གཅིག་བྲིས་ཏེ་གནད་སྨིན་དབུལ་སྐྱོར་གྱི་ཡོང་འབབ་སྒོར་ཁྲི་15ཞིང་འབྲོག་པས་དངོས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་རེད།
      

    ཕྱོགས་བསྡུས་གསར་འགྱུར།