འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་བོད་ཀྱི་རིག་གནས་མྱོང་རོལ་གྱི་དགུན་ཁའི་ཡུལ་སྐོར་ལམ་བུ་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་01ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ཀྱི་ཡུལ་སྐོར་སྡེ་ཚན་གྱིས་དགུན་ཁའི་ཡུལ་སྐོར་ལམ་བུ་རྩེ་གྲ་འགའ་ཞིག་བཏོད་ནས། ཡུལ་སྐོར་བས་བོད་ཀྱི་རིག་གནས་ཤེས་རྟོགས་བྱེད་པ་དང་དུས་མཚུངས། བལྟོས་བཅས་ཀྱིས་གསོ་རླུང་འབེལ་བ་དང་ཉི་འོད་དྲོ་བའི་བོད་ལྷོ་ཕྱོགས་ཀྱི་གཤོང་སའི་དགུན་ཉི་བསྲོ་ཐུབ།
         “བོད་ཀྱི་འབྱུང་ཁུངས་འཚོལ་བའི་ཡུལ་སྐོར”གྱིས་བརྗོད་བྱ་གཙོ་བོ་བྱས་པའི་ལམ་ཐིག་ལས་གཟའ་འཁོར་གཅིག་རིང་ཡུལ་སྐོར་བས་ལྷ་ས་ནས་ཕོ་བྲང་པོ་ཏ་ལ་དང་ལྷ་ལྡན་གཙུག་ལག་ཁང་སོགས་གྲགས་ཅན་མཛེས་ལྗོངས་ཁུལ་ལ་ལྟ་སྐོར་བྱས་རྗེས། ཡར་ཀླུང་གཙང་པོ་བརྒྱུད་བོད་ཀྱི་དགོན་པ་དང་པོར་གྲགས་པའི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ལ་གནས་སྐོར་བྱེད་ཐུབ་པ་དང་། ཡར་ཀླུང་གཙང་པོ་རྒྱུག་ཁུལ་ནས་ཡུམ་བུ་བརླ་མཁར་དང་། བོད་བཙན་པོའི་བང་སོ། ཁྲ་འབྲུག་གནའ་བོའི་གྲོང་རྡལ་སོགས་སྔ་རབས་ཀྱི་ལོ་རྒྱུས་གྲགས་ཅན་ཁུལ་མཇལ་ཐུབ་པ་མ་ཟད། ལྷ་མོའི་བླ་མཚོ་དང་། ཡར་འབྲོག་གཡུ་མཚོ། ཡར་ལྷ་ཤམ་པོ་སོགས་ཐུན་མིན་གྱི་རིག་གནས་དོན་སྙིང་ལྡན་པའི་རང་བྱུང་མཛེས་ལྗོངས་མཇལ་ཐུབ།
         བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ནོར་ཡོན་གྱིས་ངོ་སྤྲོད་བྱས་པར། ཡར་ཀླུང་གཙང་པོའི་ལུང་གཤོང་སྔ་མོ་ནས་བོད་ཀྱི་གནའ་བོའི་ཤེས་དཔལ་གྱི་འབྱུང་གནས་སུ་བརྩི་ཡི་ཡོད་པ་དང་། ལམ་ཐིག་དེ་ནས་ཡུལ་སྐོར་བས་དགུན་འདེབས་ཀྱི་རྣམ་པ་མཐོང་ཐུབ་ལ། བོད་ལྷོ་ཕྱོགས་ཀྱི་ཞིང་ལས་ཤེས་དཔལ་གྱི་ལོ་རྒྱུས་ཀྱང་ཚོར་ཤེས་ཐུབ། དེ་བཞིན་དགུན་ཁ་གནས་མཇལ་བ་མང་པོ་ཡོད་པས། ཡུལ་སྐོར་བས་དེ་བས་ཟབ་པའི་བོད་ཀྱི་རིག་གནས་ཀྱི་རྣམ་པར་མྱོང་རོལ་བྱེད་ཐུབ།
         དེ་བཞིན། ལྷ་ས་ནས་ཐོན་རྗེས་ལྷོ་ཁ་དང་ཉིང་ཁྲི་བརྒྱུད་ལྷ་སར་ཕྱིར་ལོག་བྱེད་པའི“ཤར་འཁོར་ལམ་ཐིག”ལས་ཡུལ་སྐོར་བས་རང་ལོག་བྱེད་མི་དགོས་པར་གཟའ་འཁོར་གཅིག་གི་དུས་ཡུན་རིང་བོད་ཀྱི་དབུས་ཤར་ལྷོ་གསུམ་གྱི་ལྟེ་བའི་མཛེས་ལྗོངས་ཁུལ་སྐོར་ཐུབ་པ་དང་། ལྷ་ས་ནས་འགོ་བཙུགས་པ་དང་མཐའ་མཚམས་རྫོང་མཚོ་སྣ་ནས་མཇུག་འགྲིལ་བའི“མཐའ་མཚམས་ཀྱི་ལུས་གསོའི་ཡུལ་སྐོར”ལས་ཡུལ་སྐོར་བས་མོན་པའི་ཁྱིམ་དུ་སྡོད་པ་དང་བོད་ཀྱི་རིག་གནས་ཤུལ་བཞག་ལ་མྱོང་རོལ་བྱེད་པ་དང་དུས་མཚུངས། བོད་ལྷོ་ཕྱོགས་ཀྱི་ས་བབ་དམའ་བའི་གདོད་མའི་ནགས་ཁྲོད་ནས་ལ་དུག་ཀྱང་སེལ་ཐུབ།
         ཤེས་རྟོགས་བྱུང་བ་ལྟར་ན། ལྷ་ས་གོང་དཀར་གནམ་ཐང་ནས་རྩེད་ཐང་བར་གྱི་ཆེད་སྤྱོད་རིམ་མཐོའི་གཞུང་ལམ་དང་ལྷ་ས་ནས་ལྷོ་ཁ་བར་གྱི་མྱུར་བགྲོད་ལམ་བུ་ད་ཆ་འཛུགས་སྐྲུན་བྱེད་འགོ་བརྩམས་ཟིན་པ་དང་། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་དུམ་བུའི་ཕུག་ལམ་དང་པོ་ཉིན་ཤས་གོང་གཏད་འབིགས་བཏང་ཟིན་ནས་ཨར་སྐྲུན་ལས་གྲྭ་བརྟན་པོའི་ངང་སྐྲུན་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།